མཚོ་སྔོན་ཞིང་ཆེན་གྱིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་མ་ཐག རང་ཞིང་གིས་ཀྱང་མྱུར་དུ་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྔར་ལས་བདེ་འཇགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། རིམས་ནད་འགོག་བཅོས་དང་བདེ་འཇགས་ཉེན་ཁ་ཆེན་པོ་བཀག་འགོག་ཐག་གཅོད་བྱས་པས། བདེ་འཇགས་ཐོན་སྐྱེད་ཆུ་ཚད་དང་འཕྲལ་བསྟུན་དོ་དམ་ནུས་པ་རྒྱུན་མ་ཆད་པར་ཇེ་མཐོར་སོང་ན་ཡང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་། ལས་རིགས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔར་བཞིན་མང་བས། སྲུང་སྐྱོབ་གཉིས་ཀྱི་ཆབ་སྲིད་མཐོ་ཚད་དུ་འགྲེང་ནས། རང་རྟོགས་སྒོས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། བདེ་འཇགས་འཕེལ་རྒྱས་འདུ་ཤེས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོ་རུ་ཁྱབ་པར་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཚད་མཐའི་བསམ་བློ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཕན་ནུས་ཡོད་པའི་སྒོ་ནས་ཉེན་ཁ་ཐག་གཅོད་དགོས། སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁུངས་ཀྱི་བཅོས་སྐྱོང་དང་སྔ་མོ་ནས་ཐག་གཅོད་པར་ཤུགས་སྣོན་པ། རྒྱུན་དུ་བདེ་འཇགས་ཉེན་ཁའི་རྟོག་སེལ་བཅོས་སྐྱོང་སྤེལ་ནས། འགོ་ཁུངས་ནས་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པ་དང་ཉེན་ཁ་མེད་པར་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་བྱ་བའི་རེ་བ་ཞིབ་མོ་བཏོན་ནས། ལངས་གནས་མཐོར་འདེགས་གཏོང་བ་དང་དམིགས་འབེན་གཏན་ཁེལ་བྱེད་པ་དང་། དུས་ཐོག་ཏུ་སློབ་སྦྱོང་ལག་བསྟར་དམ་འཛིན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། བྱ་བའི་བྱེད་ཐབས་ཇེ་བཟང་དུ་གཏོང་དགོས། རྟོག་སེལ་འགོག་བཅོས་དམ་འཛིན་བྱེད་པ་དང་། ཉེན་ཁ་རྩ་བ་ནས་མེད་པར་བྱས་ཏེ། ཉེན་ཁའི་སྔོན་དཔག་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།