ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཞུགས་བརྟན་འཇགས་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“བརྟན་བརླིང་དྲུག”དམ་འཛིན་དང་“འགན་ལེན་དྲུག”གི་བྱ་བར་སྐུལ་འདེད་གཏོང་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཟླ1པོའི་ཚེས16ཉིན་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས་པ་རེད།
ཐེངས་འདིའི་ཆེད་དོན་བྱ་འགུལ་ནང“ལས་ཞུགས་རོགས་སྐྱོར་ལ། བརྩེ་སེམས་ངོ་མས་རོགས་སྐྱོར་བྱེད”ཅེས་པ་བརྗོད་དོན་དུ་བཟུང་ནས། 2021ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་ཀྱི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཚོགས་དང་། དབང་པོ་སྐྱོན་ཅན་ཐོ་འགོད་ལས་ཤོར་མི་སྣ། ཡུལ་གཞན་གནས་སྤོར་དང་དེ་བཞིན་སྐྱེ་ཁམས་གནས་སྤོར་ཡུལ་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་དང་བྱ་གཞག་ལ་གཅིག་གྱུར་གྱིས་རོགས་སྐྱོར་བྱས་ཏེ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་དང་ཐུགས་ཁུར་ཚོར་དུ་བཅུག་པ་རེད།
ཆེད་དོན་བྱ་འགུལ་གྱིས་རིགས་སོ་སོའི་རོགས་སྐྱོར་བྱ་ཡུལ་ལ་དམིགས་པའི་དངོས་མིང་བཀོད་པའི་གཞི་གྲངས་མཛོད་དང་བསྟུན་ནས། ད་དུང་ལས་ཞུགས་བྱས་མེད་པའི་མི་སྣ་ནི་ཐེངས་འདིའི་བྱ་འགུལ་གྱི་གཙོ་གནད་ཞབས་ཞུ་བྱ་ཡུལ་དུ་བརྩིས་ནས་ལས་ཞུགས་རོགས་སྐྱོར་གསལ་ཐོ་བཟོས་ཏེ། གཞི་རྩའི་གནས་ཚུལ་གཙང་བཤེར་དང་། ལས་ཞུགས་དགོས་མཁོ་གསལ་བ། ལག་རྩལ་དམིགས་བསལ་གྱི་ཡོན་ཏན་གསལ་བ། ལས་ཞུགས་ཀྱི་འདོད་མོས་གསལ་བ་བཅས་ལ་གཞིགས་ཏེ། གནད་འཁེལ་རོགས་སྐྱོར་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་རེད། དུས་མཚུངས་སུ་མངའ་ཁོངས་ནང་ཁུལ་གྱི་རིགས་སོ་སོའི་མི་བཀོལ་ལས་ཁུངས་ཀྱིས་ལོ་འཁོར་གྱི་ལས་མི་བཀོལ་སྤྱོད་བྱེད་པའི་འཆར་གཞིར་རྒྱུས་ལོན་གཏིང་ཟབ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་དང་ཁྱད་ཆོས་དང་མཐུན་པའི་ལས་གནས་ཀྱི་ཆ་འཕྲིན་རྒྱ་ཁྱབ་ཏུ་བསྡུ་ལེན། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་དང་ལས་རིགས་མཐུན་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་། ལས་གནས་ཀྱི་ཆ་འཕྲིན་འབྱུང་ཁུངས་རྒྱ་སྐྱེད། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་བང་མཛོད་རིགས་དབྱེ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གནད་འཁེལ་ལས་ཞུགས་རོགས་སྐྱོར་ལག་བསྟར་བྱེད་པར་གྲ་སྒྲིག་ལེགས་པོ་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
2021ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་བྱ་འགུལ་འགོ་བརྩམས།