ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྩ་འཛུགས་ཞིབ་ཚགས་དང་དཔྱད་འདེམས་འོས་སྦྱོར། སྙན་ཞུ་ཧུར་ཐག་བཅས་བྱས་ནས་བརྩོན་ལེན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་འོས་སྦྱོར་བྱས་པའི་མཐོ་སྒང་ས་ནག་གྲམ་ཐང་གི་སྔོ་ཁེབས་ཉམས་གསོའི་ལག་རྩལ་དེ་རྒྱལ་ཁབ་ཀྱི《ལྗང་མདོག་ལག་རྩལ་ཁྱབ་གདལ་དཀར་ཆག(2020ལོ)》ནང་བཅུག་པ་རེད།
ས་ནག་གྲམ་ཐང་ནི་རྩྭ་ཐང་ཞན་འགྱུར་ཚབས་ཆེན་བྱུང་རྗེས་གཞི་ཁྱོན་ཆེ་བའི་ངང་ཕྱིར་མངོན་པའི་ས་ནག་རེད། གལ་སྲིད་བཅོས་སྐྱོང་ནུས་ལྡན་མ་བྱས་ཚེ་རྒྱ་ཁྱོན་མགྱོགས་མྱུར་ངང་ཇེ་ཆེར་ཕྱིན་ནས་རྩྭ་ཐང་སྐྱེ་ཁམས་མ་ལག་འཁོར་རྒྱུག་དང་རོང་འབྲོག་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་འཇིགས་སྐུལ་ཚབས་ཆེན་ཐེབས་སྲིད། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ས་ནག་གྲམ་ཐང་གི་སྔོ་ཁེབས་བསྐྱར་གསོ་བྱེད་པར་འབད་བརྩོན་བྱས་ཤིང་། མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་རིགས་སྨན་ལས་ཚན་རིག་སློབ་གླིང་གི་ཞིབ་འཇུག་ཚོགས་པས་ལོ་མང་རིང་ཞིབ་འཇུག་དང་འཚོལ་ཞིབ་བྱས་པ་བརྒྱུད་ཕན་འབྲས་མངོན་གསལ་དང་སྔོན་ཐོན་གོ་ཆོད། དཔེ་སྟོན་བྱེད་བདེའི་ས་ནག་གྲམ་ཐང་གི་སྔོ་ཁེབས་བསྐྱར་གསོའི་ལག་རྩལ་གསར་སྤེལ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པ། མཚོ་སྔོན་པོའི་འབབ་རྒྱུད་བཅོས་སྐྱོང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ས་ནག་གྲམ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ལག་རྩལ་གྱི་རྒྱབ་རྟེན་མཁོ་འདོན་བྱས། དེ་སྔར་མཚོ་བོད་མཐོ་སྒང་མཐོ་གྲང་ན་ཁུལ་དུ་གང་སར་མཐོང་རྒྱུ་ཡོད་པའི་ས་ནག་གྲམ་ཐང་སྟེ་རྩྭ་ཐང་གི་གནད་དོན་དེ་ད་ལྟ་གཞི་ཁྱོན་ཆེན་པོས་བཅོས་སྐྱོང་བྱས་ཡོད་ལ། རྒྱ་ཁྱོན་ཆེ་བའི་ཞན་འགྱུར་རྩྭ་ཐང་ལ་བསྐྱར་དུ་སྐྱེ་སྟོབས་རྒྱས་ཡོད།
《ལྗང་མདོག་ལག་རྩལ་ཁྱབ་གདལ་དཀར་ཆག》བཙུགས་པ་ནི་རྒྱལ་ཁབ་ཀྱིས་སྔོན་ཐོན་ལྗང་མདོག་གི་ལག་རྩལ་ཁྱབ་གདལ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་ལྗང་མདོག་གཞན་སྒྱུར་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་སྐྲུན་པ། ཐཱན་ཚད་ལྡན་དང་ཐཱན་སྙོམས་སྒྲིག་གི་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཐོ་སྒང་ས་ནག་གྲམ་ཐང་གི་སྔོ་ཁེབས་ཉམས་གསོའི་ལག་རྩལ་དེ་རྒྱལ་ཁབ་ཀྱི《ལྗང་མདོག་ལག་རྩལ་ཁྱབ་གདལ་དཀར་ཆག》ནང་བཅུག་པ།