མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་བྱ་འགུལ་དོ་ཁུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་བྱ་བའི་གྲོས་ཚོགས་སྐབས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་བྱ་འགུལ་དོ་ཁུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་བྱ་བའི་གྲོས་ཚོགས་སྐབས་དང་པོ་བསྡུས་ནས། དེས་མཚོ་སྔོན་གྱི་ནགས་ཚལ་བྱ་འགུལ་དོ་ཁུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་མཚོན་ཞིང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཚོགས་འདུ་ལ་ཞུགས་པ་དང་གཏམ་བཤད་གནང་། 

ཚོགས་འདུའི་སྟེང་མཚོ་སྔོན་ནི་རྒྱལ་ཁྱབ་སྤྱི་གླིང་གཉིས་ཀྱི་སྒྲིག་གཞི་ཚོད་ལྟ་བྱེད་གནས་ལ་འགན་འཁུར་བའི་ཞིང་ཆེན་ཐོག་མ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ས་ཚིགས་སུ་དངོས་སུ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ལ་སླེབས་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་། དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་རིམ་འཕར་བྱས་ཡོད་པས་། ནགས་ཚལ་བྱ་འགུལ་ལ་དོ་ཁུར་བྱེད་པར་གོ་སྐབས་བཟང་པོ་གསར་སྐྲུན་བྱས་པ་མ་ཟད་གཞི་རྒྱ་ཆེ་བའི་གར་སྟེགས་འདོན་སྤྲོད་བྱས་ཡོད། ནགས་ཚལ་བྱ་འགུལ་དོ་ཁུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ནུས་ཤུགས་ཆེ་བ་དང་སྔར་བས་དོན་དངོས་དང་མཐུན་པའི་བྱ་ཐབས་སྤྱད་དེ། སྔར་ལས་ཕན་ནུས་ཆེ་བའི་སྒོ་ནས་ནགས་ཚལ་བྱ་འགུལ་དོ་ཁུར་སྤེལ་དགོས་པར་བསྟན། 

རྒྱུས་ལོན་བྱུང་བ་ལྟར་ན། ནགས་ཚལ་བྱ་འགུལ་དོ་ཁུར་ནི1999ལོར་འགོ་བརྩམས་པ་དང་། དེ་ནི་རྒྱལ་ཡོངས་སྲིད་གྲོས་དང་རྒྱལ་ཡོངས་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་།  རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་སོགས་ཀྱིས་དར་སྤེལ་བཏང་བའི་སྤྱི་ཚོགས་སྤྱི་ཕན་བྱ་འགུལ་རྣམ་གྲངས་ཞིག་ཡིན་ལ། ལོ་ངོ20རིང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པས། སྐྱེ་ཁམས་ཁོར་ཡུག་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ནུས་ཤུགས་གལ་ཆེན་དང་། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྲུབ་འབྲས་དྲིལ་བསྒྲགས་ཀྱི་སྤུས་རྟགས་སུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།