ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་སློབ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གསབ་ཁྲིད་གསུང་བཤད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཡང་དག་པར་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གཏིང་ཟབ་མོས་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་པོར་འཛུགས་སྐྲུན་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཧུར་ཐག་གིས་ཁྱོན་ཡོངས་ནས་མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགོ་རྩོམ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་གསལ་བོར་བསྟན་པ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་ཁ་ཕྱོགས་གསལ་བོར་ཞིབ་བརྗོད་བྱས་ཡོད་ཅིང་། རྒྱལ་ནང་དང་རྒྱལ་སྤྱིའི་འཕེལ་ཕྱོགས་ཆེ་ཤོས་གསལ་བོར་འགྲེལ་ཡོད་པས། དེར་ལག་ལེན་དང་དུས་རབས། གསར་སྐྲུན་རང་བཞིན་བཅས་ལྡན་ཞིང་། གནས་ལུགས་དང་རིགས་གཞུང་། ཚད་མ་བཅས་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་གནད་རང་བཞིན་གྱི་ཡིག་ཚང་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་བསྟུན་ལྷན་བསྐྱོད་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གཏོང་བར་སྐུལ་འདེད་དང་། ཆབ་སྲིད་ཀྱི་བློ་གྲོས་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་སྐྱོང་སྲིད་གཉེར་དང་། ཉེན་ཁའི་ཁྲོད་གོ་སྐབས་བཙལ་ནས། འགྱུར་ལྡོག་ཁྲོད་རྣམ་པ་གསར་སྐྲུན་བྱས་ཤིང་། འཛམ་གླིང་མི་དམངས་ཡོངས་ལ་ངོམ་ཆོག་པའི་ཀྲུང་གོའི་ཁྱད་མཚར་བསྐྲུན་ཞིང་། ལོ་རྒྱུས་དང་དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་གྲུབ་འབྲས་ཤིག་བསྐྲུན་པས། ཀྲུང་གོའི་མི་དམངས་ཀྱིས་སེམས་གཏིང་ནས་དགའ་མགུ་དང་རྒྱབ་སྐྱོབ་ཐོབ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་འདུ་ཤེས་བཞི་མཐོར་འདེགས་དང་། ཡིད་རྟོན་བཞི་སྲ་བརྟན། སྲུང་སྐྱོང་གཉིས་སྒྲུབ་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་དཔེ་བསྡུར་ཚད་བསྡུར་སྒོས། རང་འགུལ་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་དམ་འཛིན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་རིགས་པས་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཞིན་ཁྲང་ཞིང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གསབ་ཁྲིད་གསུང་བཤད་ནི་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་ཕྱོགས་གཅིག་ཏུ་སྒྲིལ་པའི་གཞུང་ལུགས་ཀྱི་གསབ་ཁྲིད་ཅིག་ཡིན་པ་མ་ཟད། མིག་རྒྱང་རིང་ཞིང་བསམ་བློའི་ཐད་ཀྱི་སྐུལ་སློང་ཐེངས་ཤིག་ཀྱང་ཡིན་ལ། མུ་མཐུད་དུ་འབད་བརྩོན་ཡར་རྒྱས་ལ་སྐུལ་བའི་བྱ་བའི་བཀོད་སྒྲིག་ཐེངས་ཤིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་མཐོ་ཚད་ནས་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་བགྲོ་གླེང་འཛིན་གྲྭའི་སྟེང་གི་དགོངས་དོན་དེ་གཉིས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་ལག་ལེན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། བགྲོ་གླེང་འཛིན་གྲྭའི་གཅིག་བསྡུས་སློབ་སྦྱོང་གི་གོ་སྐབས་བེད་སྤྱད་དེ། སློབ་སྦྱོང་གཏིང་ཟབ་དང་བརྗོད་སྙིང་དམ་འཛིན་བྱས་ཏེ། ལས་གཉེར་ལས་སྐྲུན་ལ་སྟོབས་ཤུགས་ཕུལ་དགོས། བརྗོད་དོན་དང་དམ་དུ་འབྲེལ་བ་དང་དོན་དངོས་ལ་འབྲེལ་འདྲིས་བྱས་ནས། བགྲོ་གླེང་ཞིབ་མོ་དང་ཕན་ཚུན་སྐུལ་འདེད་བཏང་སྟེ། ཕན་ཚུན་བར་བློ་བསྐྱེད་འབྱུང་བར་བྱེད་དགོས། སློབ་པ་དང་སྤྱོད་པ་ཟུང་འབྲེལ་དང་ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱས་ཏེ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་ཤུགས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་ཤུགས། ཆབ་སྲིད་ཀྱི་ལག་བསྟར་ནུས་ཤུགས་བཅས་མཐོ་རུ་བཏང་ནས། མུ་མཐུད་དུ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དམ་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་ནུས་ཤུགས་དང་ཆུ་ཚད་འཛུགས་སྐྲུན་བྱས་ནས། གཟབ་ནན་གྱི་སྤྱོད་ཚུལ་གྱིས་མཚོ་སྔོན་གྱི་ལས་དོན་སོ་སོ་ཡང་དག་པའི་ཁ་ཕྱོགས་སུ་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཆེད་དོན་བགྲོ་གླེང་འཛིན་གྲྭར་ཁྱོན་བསྡོམས་དུས་རིམ་བཞི་ཡོད་ཅིང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ། དམངས་ཆེན། སྲིད་གཞུང་། སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་། ཞིང་ཆེན་དོ་དམ་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། དེ་མིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་དུས་རིམ་དང་པོའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཝང་ཅན་ཅུན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་ཞུགས།