ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་སྐྱེ་འཕེལ་དང་ཁྱབ་རྒྱ་ཆེ་རུ་འགྲོ་བར་བཀག་འགོག་ནུས་ལྡན་བྱེད་པ་དང་། རང་བྱུང་རྩྭ་རའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་དྭངས་ཆུ་གྲོང་ཚོ་དང་སྡོམ་ཆུ་གྲོང་ཚོའི་རྩྭ་ཐང་ཨ་བྲའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་བསྣན་ནས། མང་ཚོགས་རྩ་འཛུགས་བྱས་ཏེ་རྩྭ་སའི་སྟེང་བྱི་སྨན་གཏོར་ནས་གཙོ་གནད་ས་ཁོངས་ཀྱི་འབྲོག་ཁྱིམ་ལ་བྱི་བའི་གནོད་འཚེ་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་དང་། ནན་ཏན་གྱིས་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་།
ཤེས་རྟོགས་བྱུང་བར་གཞིགས་ན། རྨ་ཆེན་རྫོང་ནགས་ཚལ་རྩྭ་ཐང་ཅུའུ་རྩྭ་ཐང་ས་ཚིགས་ཀྱི་ལག་རྩལ་མི་སྣས་དྭངས་ཆུ་གྲོང་ཚོ་དང་སྡོམ་ཆུ་གྲོང་ཚོའི་ས་ཁོངས་ཀྱི་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་ཤིང་། སྡོམ་ཁོག་ས་ཁུལ་གྱི་འབྲོག་པར་ཨ་བྲའི་གནོད་འཚེ་བྱུང་བའི་གནས་ཚུལ་ལ་སྔོན་དཔག་དང་སྔོན་བརྡ་བཏང་བ་མ་ཟད། གྲོང་ཚོ་གཉིས་ཀར་ཁས་ལེན་ཡི་གེ་བཞག་ནས་རིམ་པ་བཞིན་ལས་འགན་ཁག་བགོས་ཀྱིས་ལས་དོན་དོན་འཁྱོལ་བྱེད་པར་དམ་འཛིན་བཟང་པོ་བྱས། དུས་མཚུངས་སུ་རྫོང་ཡོངས་ཀྱི་ཤང་ཞིང་འབྲོག་ལག་རྩལ་ས་ཚིགས་ཀྱི་འགན་ཁུར་པ་རྩ་འཛུགས་ཀྱིས་མིག་སྔའི་ཨ་བྲའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་ཀའི་གཙོ་གནད་དང་དཀའ་གནད་ལ་འགྲེལ་བཤད་དང་། དྭངས་ཆུ་གྲོང་ཚོ་དང་སྡོམ་ཆུ་གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱི་ཁོངས་མི་དང་ཏང་ཡོན་རྣམས་ཀྱིས་རྩྭ་རར་བྱི་སྨན་གཏོར་ནས། དུས་ཡུན་ཐུང་ཤོས་ནང་ཕན་ནུས་ཆེ་ཤོས་ཐོབ་པར་བརྩོན་ལེན་བྱས།
རྨ་ཆེན་རྫོང་གིས་ད་དུང་སྐད་འཕྲིན་སོགས་ཀྱི་སྨྱན་སྦྱོར་འཕྲིན་སྟེགས་བེད་སྤྱད་དེ་གནད་ཆེའི་ས་ཁོངས་ཀྱི་འབྲོག་ཁྱིམ་ལ་བྱི་བའི་གནོད་འཚེ་དྲིལ་བསྒྲགས་དང་བདེ་ཐང་སློབ་གསོ་དྲིལ་བསྒྲགས། དྲང་ཕྱོགས་ཀྱི་གླེང་བརྗོད་ཁྲིད་སྟོན་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་འགོག་བཅོས་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་ནས་བྱི་བའི་རིམས་ནད་“འགོག་ཐུབ་པ་དང་། ཚོད་འཛིན་ཐུབ་པ། བཅོས་སྐྱོང་ཐུབ་པ”བཅས་ཀྱི་དགེ་མཚན་ལྡན་པའི་ཆ་འཕྲིན་ཁྱིམ་ཚང་ཀུན་ལ་བསྐྱལ་བ་དང་། འབྲོག་པ་མང་ཚོགས་ཀྱི་རང་ཉིད་འགོག་སྲུང་གི་འདུ་ཤེས་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྨ་ཆེན་རྫོང་གིས་དགུན་དུས་ཀྱི་ཨ་བྲའི་གནོད་འཚེ་འགོག་བཅོས་བྱེད་པའི་བྱ་བ་བསྒྲུབས།