ཝང་ལིས་མིང་གིས2021ལོའི་ལོ་སར་སྐྱེལ་འདྲེན་གྱི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་གིས་ཞིང་ཆེན་གྱི་ལོ་སར་སྐྱེལ་འདྲེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་དང་། ཟི་ལིང་མེ་འཁོར་འབབ་ཚུགས། ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་བཅས་སུ་ལོ་སར་སྐྱེལ་འདྲེན་གྱི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། 

ཝང་ལིས་མིང་བཅས་པས་སྔ་རྗེས་སུ་འགྲུལ་པའི་འཇུག་སྒོ་དང་བདེ་འཇགས་ཞིབ་བཤེར། འཁོར་སྒུག་ཚོམས་ཆེན། འབུད་སྒོ་བཅས་ཀྱི་ཡུལ་དངོས་སུ་ལུས་དྲོད་ཞིབ་དཔྱད་ཚད་ལེན་དང་ཐོ་འགོད་གྲལ་བཤེར་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་བལྟས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཞིབ་བཤེར། གཉེར་སྐྱོང་དོ་དམ། འགྲུལ་པ་འཁོར་རྒྱུག་གི་ཁྱད་ཆོས།སྐྱེལ་འདྲེན་བཀོད་སྒྲིག་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་རེད། ལས་ཁུངས་སོ་སོས་ད་ལོའི་ལོ་སར་སྐྱེལ་འདྲེན་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དམིགས་བསལ་རང་བཞིན། ངེས་མིན་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཤིང་ལས་ཀའི་དགོས་གལ་རང་བཞིན་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ལས་དོན་གཉིས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་སར་སྐྱེལ་འདྲེན་དེ་བདེ་འཇགས་དང་བརྟན་བརླིང་། གོ་རིམ་ལྡན་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཝང་ལིས་མིང་གིས་ནན་གྱིས་བསྟན་དོན། ཉེ་དུས་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་གཅིག་རྗེས་གཉིས་མཐུད་དུ་གཅིག་འདུས་རང་བཞིན་གྱི་རིམས་ནད་བྱུང་ནས་ལོ་སར་སྐྱེལ་འདྲེན་ལས་དོན་ལ་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲད་ཡོད། འབྲེལ་ཡོད་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཡོངས་ཀྱི་ལོ་སར་སྐྱེལ་འདྲེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་ལོ་སར་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ད་ལོའི་ལོ་སར་སྐྱེལ་འདྲེན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་སྔོན་འགོག་བྱེད་དགོས་རིགས་ལ་སྔོན་འགོག་དང་། ཞིབ་བཤེར་བྱེད་དགོས་རིགས་ལ་ཞིབ་བཤེར། འབྲེལ་མཐུད་བྱེད་དགོས་རིགས་ལ་འབྲེལ་མཐུད། ཆག་ཡང་གཏོང་དགོས་རིགས་ཆག་ཡང་། ངོས་འཛིན་བྱེད་དགོས་རིགས་ལ་ངོས་འཛིན་བཅས་བྱེད་དགོས། ལོ་སར་སྐྱེལ་འདྲེན་ལ་འགན་ལེན་ཡག་པོ་བྱེད་དགོས་ཏེ་བདེ་འཇགས་འགན་ལེན་དང་ཤར་གཏོང་འགན་ལེན། ཞབས་ཞུ་འགན་ལེན། མཁོ་སྤྲོད་འགན་ལེན་བཅས་བྱེད་དགོས། ཉེན་ཁའི་འགྲན་སློང་ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་དང་གནམ་གཤིས་ངན་པའི་འཕྲལ་སྡོམ་སྔོན་ཇུས། འཕྲལ་སྡོམ་དངོས་ཟོག་དབོར་འདྲེན་སྔོན་ཇུས། ཐོལ་བྱུང་དོན་རྐྱེན་གཞན་དག་གི་འཕྲལ་སྡོམ་སྔོན་ཇུས་བཅས་གྲ་སྒྲིག་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་སར་སྐྱེལ་འདྲེན་ལས་དོན་ཡག་པོར་བསྒྲུབས་ཏེ་མི་དམངས་མང་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་ཐུབ་པ་བྱས་ནས་སྤྲོ་སྣང་དང་འཆམ་མཐུན་གྱི་ལོ་སར་དུས་ཆེན་ཞིག་རོལ་ཐུབ་པ་བྱ་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།