མི་ཐེངས་ཁྲི200ཉེ་བའི་རོང་འབྲོག་དམངས་ཀྱི་ལས་གཉེར་ཡོང་སྒོ་འཕར་བསྣོན་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ5རིང་། མཚོ་སྔོན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ནགས་ཚལ་སྐྱེ་ཁམས་ཁ་གསབ། རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ཀྱི་ཐད་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར222.1བཏང་བ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་ས་མུའུ་ཁྲི2116.4དང་། ས་ནག་བཅོས་སྐྱོང་བྱས་པ་མུའུ་ཁྲི712། དེ་མིན་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱས་པ་ས་མུའུ་ཁྲི14033ལེགས་འགྲུབ་བྱས་ཤིང་། ནགས་ལས་ཀྱི་གནོད་པ་ཡོད་པའི་སྐྱེ་དངོས་འགོག་བཅོས་ཚོད་འཛིན་བྱས་པ་ས་མུའུ་ཁྲི1549.46དང་། མིའི་ཐབས་ལ་བརྟེན་ནས་རྩྭ་བཏབ་པ་ས་མུའུ་ཁྲི58། རིམ་པ་འབྲིང་བའི་རྩྭ་ས་ཞན་འགྱུར་ལེགས་བཅོས་ཀྱི་རྩྭ་བཏབ་པ་ས་མུའུ་ཁྲི904། བྱེ་འགྱུར་ས་གཤིས་བཀག་སྐྱོང་བྱས་པ་ས་མུའུ་ཁྲི873.6བཅས་ལ་སླེབས་ཤིང་། དེས་རོང་འབྲོག་དམངས་ཁྲི200ཉེ་བས་སྒོ་ཁ་ནས་ཡོང་འབབ་བསྐྲུན་པར་སྣེ་ཁྲིད་བྱས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཏང་ཙུའུ་ཡིས་ཏན་ཏིག་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་དོན་འཁྱོལ་དང་། དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནི་དབུལ་སྐྱོར་ཡིན་པའི་རྩ་དོན་འདུ་ཤེས་བཙུགས་ནས། ནགས་ལས་དང་རྩྭ་སའི་ལས་རིགས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དབུལ་སྐྱོར་དང་། སྐྱེ་ཁམས་འཛུགས་སྐྲུན་དབུལ་སྐྱོར། སྐྱེ་ཁམས་ཐོན་ལས་དབུལ་སྐྱོར། སྐྱེ་ཁམས་ཁ་གསབ་རོགས་སྐྱོར་བཅས་རིགས་བཞིས་སྐྱེ་ཁམས་སྲུང་སྐྱོབ་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རོགས་འདེགས་དང་། དབུལ་ཐར་མཁྲེགས་གཏོར་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་བུར་སྐུལ་འདེད་གཏོང་བའི་ལམ་སྲོལ་ཞིག་ཆགས་པར་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར། དམངས་ཚིས་ལེགས་བཅོས་བཅས་མངོན་འགྱུར་བྱུང་ཡོད།

དབུལ་ཕོངས་གཏིང་ཟབ་པ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་དཀའ་བའི་ས་ཁོངས་ནི་མཐའ་ཁུལ་གྱི་ནགས་ཁུལ་དང་འབྲོག་ཁུལ་དུ་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྐྱེ་ཁམས་ཐོན་ཁུངས་དོ་དམ་སྲུང་སྐྱོབ་དེ་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དང་དམ་དུ་འབྲེལ་ནས། ཆ་རྐྱེན་དང་མཐུན་པའི་ཚགས་འཛུགས་བྱང་སྒྲིག་གི་དབུལ་ཕོངས་དུད་ཁྱིམ་གྱི་མི་ཁྲི4.99བསྡུ་ལེན་བྱས་ནས་ནགས་ལས་རྩྭ་ཐང་ཐོན་ཁུངས་དོ་དམ་བདག་སྐྱོང་གི་ལས་ཀར་ཞུགས་སུ་བཅུག་པ་དང་། ལོ་ལྔའི་རིང་ཁྱོན་བསྡོམས་གླ་ཕོགས་སྒོར་དུང་ཕྱུར39.6བྱིན་པ་དང་། ལོ་རེར་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི2ལ་ཉེ་བ་འཕར་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྒོར2.16ལ་སླེབས་པས། དབུལ་ཕོངས་མི་གྲངས་ཁྲི18ཉེ་བས་དབུལ་ཐར་མངོནའགྱུར་བྱུང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།