《མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའི་བྱེད་ཐབས》གསར་བ་ཟླ4བའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའི་བྱ་བའི་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཡར་རྒྱས་བྱ་འགུལ་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་མི་སྒེར་དང་རྩ་འཛུགས་ལ་གཟེངས་བསྟོད་བྱེད་པ་དང་། ཚན་རིག་ལག་རྩལ་ཡར་རྒྱས་གསར་གཏོད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད། གསར་དུ་གཏན་འཁེལ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའི་བྱེད་ཐབས》དེ2021ལོའི་ཟླ4པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའི་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཡ་ཅོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།《བྱ་ཐབས》ལ་རང་བྱུང་ཚན་རིག་བྱ་དགའ་དང་གསར་གཏོད་བྱ་དགའ་བཀོད་སྒྲིག་བྱས་ཡོད་པ་དང་། ཚན་རིག་ལག་རྩལ་བྱ་དགའི་བཀོད་སྒྲིག་ལ་བཟོ་བཅོས་བྱས་ཤིང་། ད་ལྟ་སྤྱོད་བཞིན་པའི་ཚན་རྩལ་བྱ་དགའ3དེ་བྱ་དགའ5རུ་ལེགས་སྒྲིག་བྱས་ཡོད་དེ། ཚན་རིག་ལག་རྩལ་བྱས་རྗེས་བྱ་དགའ་དང་།རང་བྱུང་ཚན་རིག་བྱ་དགའ། གསར་གཏོད་གསར་སྐྲུན་བྱ་དགའ། ཚན་རིག་ལག་རྩལ་ཡར་རྒྱས་བྱ་དགའ། ཚན་རིག་ལག་རྩལ་རྒྱལ་སྤྱིའི་མཉམ་ལས་བྱ་དགའ་བཅས་ཀྱིས་གྲུབ་ཡོད། དུས་མཚུངས་སུ། བྱ་དགའི་གྲངས་ཀ་ཇེ་མང་དུ་བཏང་ཡོད་པ་དང་། གཏན་འཁེལ་བྱས་པའི་ཚན་རིག་ལག་རྩལ་གྱི་བྱས་རྗེས་བྱ་དགའ1ལས་བརྒལ་མི་ཆོག་ལ། ཚན་རིག་ལག་རྩལ་རྒྱལ་སྤྱིིའི་མཉམ་ལས་བྱ་དགའ2ལས་བརྒལ་མི་ཆོག   གཞན་དག་རྣམས་ཆད་ལྷག་བྱུང་ཆོག   རང་བྱུང་ཚན་རིག་བྱ་དགའ་དང་། ཚན་རིག་ལག་རྩལ་ཡར་རྒྱས་བྱ་དགའི་རྣམ་གྲངས་ཀྱི་གྲངས་ཀ40ལས་བརྒལ་མི་ཆོག་ཅིང་། དེའི་ཁྲོད་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་བྱ་དགའ་གནང་བའི་བསྡུར་ཚད་རྩ་དོན་སྟེང་1∶2∶3ཡིན་པ་རེད། གཞན་བྱ་དགའི་ཚད་གཞི་དུས་ལྟར་འོས་འཚམ་གྱིས་སྙོམས་སྒྲིག་བྱེད་ཆོག་པ་དང་། ཚན་རྩལ་བྱ་དགའི་མ་དངུལ་གྱི་ཚད་གཞི་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཚན་རྩལ་དོ་དམ་སྡེ་ཁག་གིས་ཞིང་ཆེན་ནོར་སྲིད་སྡེ་ཁག་དང་མཉམ་དུ་གཏན་འཁེལ་བྱས་ནས། ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་རྒྱུ་རེད།

དེ་མིན།《བྱ་ཐབས》ལ་ད་དུང་ཚན་རྩལ་མིང་འདོན་སྒྲིག་སྲོལ་གསར་བསྣོན་བྱས་པ་དང་། མིང་འདོན་མཁན་ལ་གཏན་འཁེལ་གསལ་བོ་བྱས་ཡོད་ཅིང་། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱས་རྗེས་བྱ་དགའ་ཐོབ་མཁན། དེ་མིན་ཞིང་ཆེན་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་སྲིད་འཛིན་སྡེ་ཁག་གིས་གཏན་འཁེལ་བྱས་པའི་ཆེད་མཁས་པའམ་ཡང་ན་མཐོ་རིམ་སློབ་གྲྭ  ཚན་རིག་ཞིབ་འཇུག་སྡེ་ཁག  དམངས་གཉེར་ཁེ་ལས་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་བཅས་ཁ་བསྣོན་བྱས་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།