​མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཅ་ཞའོ་ཀང་གི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་ཀྲང་གཞོན་པ་ཅ་ཞའོ་ཀང་གིས(ཐིན་རིམ་པ)ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་གྱོད་གཞི་དེ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་སྤྲོད་བྱས་པ་བརྒྱུད་ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།

ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཅ་ཞའོ་ཀང་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མར་འདྲི་རྩད་བྱས་ནས་དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན་པ་རེད། ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་ཅ་ཞའོ་ཀང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཐིན་གྱི་ཐིན་ཀྲང་གཞོན་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིན་དྲུག་པའི་ཐིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་ཀྲང་གཞོན་པའི་ལས་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་མི་གཞན་ལ་ཁེ་ཕན་སྒྲུབ་པ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་སློང་ལེན་བྱེད་པ། རང་གི་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་གོ་གནས་ཐོག་གི་སྟབས་བདེ་བེད་སྤྱད་དེ། མངགས་བཅོལ་བྱེད་མཁན་ལ་ཚུལ་མིན་གྱི་ཁེ་ཕན་སྒྲུབ་པ་དང་། མངག་བཅོལ་བྱེད་མཁན་གྱི་རྒྱུ་ནོར་འབོར་ཆེན་བླངས་པས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་བྱས་ཉེས་སུ་བརྩིས་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།