མཚོ་སྔོན་ཞིང་ཆེན་དམངས་སྲིད་ཞབས་ཞུའི་འགན་སྲུང་ནུས་ཤུགས་ཁྱོན་ཡོངས་ནས་མཐོར་འདེགས་ཕྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཞབས་ཞུའི་འགན་སྲུང་ནུས་ཤུགས་ཁྱོན་ཡོངས་ནས་མཐོར་འདེགས་སུ་ཕྱིན་པ་དང་། ལོ་ཧྲིལ་བོར་ཁྱོན་བསྡོམས་དམངས་སྲིད་ལས་དོན་ཐད་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར53.84བཏང་བ་དང་། དམངས་སྲིད་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི259ལག་བསྟར་བྱས་ཤིང་། རིགས་སོ་སོའི་དམངས་སྲིད་ཞབས་ཞུའི་འགན་སྲུང་བྱ་ཡུལ་མི་ཐེངས་ཁྲི134.22ལ་སླེབས་ཤིང་། དམངས་སྲིད་ཞབས་ཞུའི་འགན་སྲུང་ནུས་ཤུགས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས། 

ན་ནིང་གི་ལོ་གཅིག་རིང་། མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་དང་དབུལ་སྐྱོར་གསར་སྤེལ་གཉིས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ཞིང་། མ་མཐའི་འཚོ་བའི་འགན་སྲུང་གི་ཞིབ་བཤེར་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་འགན་ནུས་ལག་བསྟར་གང་ལེགས་བྱས། 2020ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་ཚགས་འཛུགས་བྱང་སྒྲིག་བྱ་ཡུལ་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དུ་ཞུགས་པ་ཁྲི23.46ཡོད་ཅིང་། དེས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཁྲི30.58ཡི་བརྒྱ་ཆའི76.7ཟིན་ཞིང་། ལོ་ཧྲིལ་བོར་ཞིང་སྡེའི་འགན་སྲུང་བྱ་ཡུལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར21.98བྱིན། 

འདས་པའི་ལོ་ངོ་གཅིག་གི་རིང་། མཚོ་སྔོན་གྱིས་མཁར་ཤང་གི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ཁག་ཡོད་པའི་ཚད་གཞི་ཇེ་མཐོར་ཞིང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་ཚད་གཞི་ཟླ་རེར་སྒོར640དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལོ་གཅིག་ལ་སྒོར་4800ལ་སླེབས་ཤིང་། དམིགས་བསལ་དཀའ་ཁག་ཡོད་པའི་རོགས་སྐྱོར་བྱ་ཡུལ་གྱི་འཚོ་བའི་ཚད་གཞི་ཟླ་རེར་སྒོར960ལ་སླེབས། མ་མཐའི་འཚོ་བའི་འགན་སྲུང་གི་ཞིབ་བཤེར་ཆོག་མཆན་དབང་ཆ་གཤམ་སྤྲོད་དང་མཁར་གྲོང་གཞི་གཅིག་ཅན་གྱི་ཚོད་ལྟའི་ས་ཚིགས་འཚོལ་ཞིབ་བྱས་པ་དང་། དམས་སྲིད་ཆེད་སྤྱོད་མ་དངུལ་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱས། དེ་ལས་གཞན་སྤྱི་ཚོགས་རོགས་སྐྱོར་རེ་ཞུ་མི་སྣའི་ངོ་གདོང་ངོས་ལེན་མ་ལག་དང་རོགས་སྐྱོར་རེ་ཞུའིAPPརྩ་འཛུགས་གསར་སྤེལ་བྱས་པ་དང་། གསར་དུ་རེ་ཞུ་བྱས་པའི་རོགས་སྐྱོར་ཁྱིམ་ཚང་གི་ཞིབ་བསྡུར་བརྒྱ་ཆའི100མངོན་འགྱུར་བྱུང་། 

འདས་པའི་ལོ་ངོ་གཅིག་གི་རིང་། མཚོ་སྔོན་གྱིས་བསྟུད་མར་རྒན་གསོའི་སྤུས་ཚད་འཛུགས་སྐྲུན་ཆེད་སྤྱོད་བྱ་འགུལ་དང་དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣའི་བདག་སྐྱོང་ཞབས་ཞུའི་སྒྲིག་ཆས་བཟོ་བཅོས་མཐོར་འདེགས་བཟོ་སྐྲུན་བྱ་བ་སྤེལ་ཞིང་། རྒན་གསོའི་ཞབས་ཞུའི་རྨང་གཞི་སྒྲིག་ཆས་གསར་སྐྲུན་ལས་གཞི17དང་། རྒན་གསོའི་ཞབས་ཞུ་སྡེ་ཁག་གི་སྒྲིག་ཆས་ནུས་ཤུགས་མཐོར་འདེགས་ལས་གཞི72། རྒན་གསོ་ཁང་དང་ཁེ་ལས་མཉམ་འབྲེལ་གྱི་ལས་གཞི2བཅས་རྩ་འཛུགས་ལག་བསྟར་བྱས། ད་ལྟ་ཞིང་ཆེན་ཡོངས་སུ་ཆེད་དམིགས་རྒན་གསོའི་ཞབས་ཞུ་སྒྲིག་ཆས2157དང་། སྤྱི་ཚོགས་རྒན་གསོའི་མལ་ཁྲི26731དང་། བདག་སྐྱོང་རང་བཞིན་གྱི་མལ་ཁྲི་བརྒྱ་ཆའི20ལ་སླེབས་ཡོད། གྲོང་ཁྱེར་སྡེ་ཁུལ་གྱི་ཉིན་མོའི་་བདག་སྐྱོང་བྱེད་ས་263ཡོད་པ་དང་། ཁེབས་ཚད་བརྒྱ་ཆའི56ལ་སླེབས་པ་དང་། ཞིང་སྡེའི་རོགས་སྐྱོར་བདེ་སྐྱིད་གླིང་1611ཡོད་ཅིང་། ཁེབས་ཚད་བརྒྱ་ཆའི39ལ་སླེབས་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།