མཚོ་ལྷོ་ཁུལ་གྱི་སྡེ་བ230ཡི་ལོ་རེའི་ཡོང་འབབ་སྒོར་ཁྲི10ཡན་ལ་བུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་དུ་མཚོ་ལྷོ་ཁུལ་ཡོངས་ཀྱི་སྡེ་བ426ཁྲོད་ལོ་རེའི་ཡོང་འབབ་སྒོར་ཁྲི10ཡན་ལ་བུད་པའི་སྡེ་བ230ཡོད་པ་དང་དེས63%ཟིན་ལ། 2018ལོ་དང་བསྡུར་ན40%ལ་ཉེ་བ་འཕར་ཡོད།

མཚོ་ལྷོ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་རྩ་འཛུགས་སྟོབས་ཤུགས། འབོད་སྐུལ་བྱེད་ཤུགས་བཅས་ཅུང་ཆེ་བའི་སྡེ་བ་དག་རོགས་སྐྱོར་མ་དངུལ་གྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་སྡེ་བ་རུ་བརྩིས་ནས། མ་དངུལ་སྒོར་དུང་ཕྱུར4.9སྡེབ་སྒྲིལ་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་དང་འཕེལ་རྒྱས་གཏོང་བར་སྤྱད་པ་རེད། རང་བྱུང་ཐོན་ཁུངས་དང་ཤེས་ལྡན་མི་སྣ་ནང་འདྲེན། མ་དངུལ་ཐོན་ཁུངས་བཅས་བལྟོས་བཅས་ཀྱིས་ཆ་རྐྱེན་འཛོམས་པའི་སྡེ་བར་ཁེར་རྐྱང་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་པ་དང་མཉམ་དུ། ཤེས་ལྡན་མི་སྣ་དང་མ་དངུལ་བལྟོས་བཅས་ཀྱིས་ཞན་པའི་ཁྱིམ་མཚེས་ས་ཁུལ་དང་། འཕེལ་རྒྱས་གཏོང་སྟངས་ཉེ་བའི་སྡེ་བར་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་དང་ཐུན་མོང་འཕེལ་རྒྱས་སུ་བཏང་། མང་ཚོགས་ཀྱིས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་དེའི་ནང་ཞུགས་པར་ཧུར་ཐག་གིས་སྐུལ་སློང་བྱས་ཏེ། ས་ཆ་དང་རྩྭ་ཐང་། ཕྱུགས་ཟོག མ་དངུལ་སོགས་མ་རྐང་དུ་འཇོག་པའི་བྱེད་ཐབས་ལ་བརྟེན་ནས་ཐུན་མོང་གི་ངོ་བོ་ལྡན་པའི་མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་བཙུགས། དུས་མཚུངས་སློབ་ཆེན་སློབ་མ་རང་ཡུལ་དུ་ལོག་ནས་ལས་སྒོ་གསར་འབྱེད་དང་སྡེ་བའི“སྦྱིན་བདག”རང་ཡུལ་དུ་ལོག་ནས་འཕེལ་རྒྱས་དང་དེ་བཞིན་ཚོང་འགུགས་མ་དངུལ་གཏོང་བ་སོགས་བྱས་ཤིང་། སྔ་རྗེས་སུ་ཕ་ཡུལ་དུ་ལོག་ནས་ལས་སྒོ་གསར་གཏོད་བྱེད་པའི་སློབ་ཆེན་སློབ་མ80ལྷག་ཚུར་འགུག་བྱས་པ་དང་། མཉམ་ལས་ཁེ་ལས102ནང་འདྲེན་བྱས་ནས་ཕྱོགས་སོ་སོའི་ཤེས་ལྡན་པ་དང་མ་དངུལ་གཅིག་བསྡུས་ཀྱིས་སྡེ་བའི་ཐུམ་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་།

མིག་སྔའི་བར་མཚོ་ལྷོ་ཁུལ་གྱིས་སྤྱི་ཕན་རང་བཞིན་གྱི་ལས་རྐང3202གསར་འཛུགས་བྱས་ཤིང་། སྐྱེ་ཁམས་དམར་ཐིག་དང་འབྲེལ་བ་ཡོད་པ་དང་། འཆར་འགོད་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་རྐྱེན་གྱིས་ལས་གཞིའིི་རྣམ་གྲངས་ཀྱི་མ་དངུལ་“འཁོར་བསྐྱོད་མི་བྱེད་པ”སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་པས། ལོ་གསུམ་རིང་ལས་གཞིའི་སྡེ་བ5ལལེགས་སྒྲིག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།