ཟི་ལིང་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས“བཙན་སྐུལ་སྒོས་སྐམ་རློན་རིགས་དབྱེད”པའི་ཕྱོགས་ནས་ཆད་པ་དང་པོ་བཅད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས11ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཀྱི“བཙན་སྐུལ་སྒོས་སྐམ་རློན་རིགས་དབྱེད”པའི་ཕྱོགས་ནས་ཆད་པ་དང་པོ་བཅད། 

ཤེས་གསལ་ལྟར་ན། ཉིན་དེར་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཀྱི་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་འཛིན་ཅུའུ་ཡི་ལས་དོན་མི་སྣ་དང་། ཆིན་ཀྲིན་ལམ་ཁྲོམ་གཞུང་དོན་གཅོད་ཁང་དང་བརྒྱད་གཅིག་ལམ་ཁྲོམ་གཞུང་དོན་གཅོད་ཁང་གི་ལས་དོན་མི་སྣས་ཧྲང་ཏུང་རྒྱལ་སྤྱིའི་གཞིས་ཁུལ་གྱི་འཚོ་བའི་གད་སྙིགས“བཙན་སྐུལ་སྒོས་སྐམ་རློན་རིགས་དབྱེད”ལས་དོན་ལ་ཞིབ་བཤེར་དང་དངོས་སྡོད་ལྟ་ཞིབ་བྱེད་སྐབས། ཧྲང་ཏུང་རྒྱལ་སྤྱིའི་མགྲོན་ཁང་གིས་ཟས་ལྷག་གད་སྙིགས་ཉིན་རེར་གཙང་སེལ་བྱས་མེད་ལ། འཚོ་བའི་གད་སྙིགས་རིགས་དབྱེད་བྱས་ནས་གད་སྙིགས་བླུགས་སྒམ་ནང་བླུགས་མེད་པས《ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེད་དོ་དམ་བྱ་ཐབས》ཀྱི་དོན་ཚན་བཅུ་བདུན་པ་དང་འགལ། དོན་ཚན་སོ་གཅིག་པའི་གཏན་འབེབས་ལྟར་དངུལ་ཆད་སྒོར1000བཅད་ཅིང་མགྲོན་ཁང་ལ་འཕྲལ་དུ་བཅོས་སྒྲིག་བྱེད་དུ་བཅུག  

འཚོ་བའི་གད་སྙིགས་ཀྱི“བཙན་སྐུལ་སྒོས་སྐམ་རློན་རིགས་དབྱེད”ཚོད་ལྟ་བྱེད་འགོ་ཚུགས་པ་དང་ཆབས་ཅིག མཁར་ཤར་ཆུས་ཀྱིས་འཚོ་བའི་གད་སྙིགས་རིགས་དབྱེ་ལས་དོན་གྱི་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཏན་ཏིག་གིས་རྒྱ་ཆེའི་གྲོང་མིའི་ཤེས་རྟོགས་ཐུབ་ཚད་དང་ནང་ཞུགས་ཚད་མཐོ་རུ་བཏང་སྟེ་ལྗང་མདོག་དང་ཐཱན་ཉུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་མི་སེམས་ཀྱི་གཏིང་ཟབ་སར་ཟུག་ཏུ་བཅུག་པ་དང་། ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་པ་བཙུགས་ནས་ས་ཚིགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོད་ལྟའི་གཞིས་ཁུལ་དུ་དྲིལ་བསྒྲགས་དང་རིགས་དབྱེ། ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་ལས་དོན་སྤེལ་བ་རེད། དེ་དང་ཆབས་ཅིག ཆུས་དེས་ཡུན་ཅ་ཁོའུ་གྲོང་རྡལ་དང་སྲང་ལམ་དོན་གཅོད་ཁང་སོ་སོས་གཟའ་མཇུག་དང་མཚན་མོར་ཁྱིམ་དུད་དུ་སྡོད་པའི་དུས་ཚོད་སྤྱད་ནས་དུད་ཁྱིམ་དུ་ཕྱིན་ནས་དྲིལ་བསྒྲགས་དང་། གཞིས་ཁུལ་ནང་དུ་གཅིག་སྡུད་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྱིམ་དུད་ལ་སྐམ་རློན་གད་སྙིགས་རིགས་དབྱེ་བྱེད་བའི་ཤེས་བྱ་ཁྱབ་གདལ་བཏང་། གྲོང་ཁྱེར་དོ་དམ་གྱི་ཁྲིམས་འཛིན་མི་སྣ་གནས་གཏན་ལྟ་སྐུལ་བྱ་བར་བཀོད་སྒྲིག་བྱས་ཤིང་། གཞིས་ཀའི་དོ་དམ་ཀུང་སིས་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་གྱི་འགན་འཁྲི་ཁུར་ནས་ཆེད་མི་བཀོད་སྒྲིག་བྱས་ཏེ་ཁྲིད་སྟོན་དང་སྐུལ་འདེད། དབྱེ་འབྱེད་བཅས་བྱས་ཏེ་གྲོང་མིར་གནད་སྨིན་རིགས་དབྱེ་བྱས་ནས་འཚོ་བའི་གད་སྙིགས་འཕེན་རོགས་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།