མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས110དྲིལ་སྒྲོག་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1པའི་ཚེས10ཉིན་ནི་རྒྱལ་ཡོངས་ཀྱི110དྲིལ་སྒྲོག་ཉིན་མོ་ཐེངས35བ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་ཡིན་པའི110དང་དམ་དུ་འབྲེལ་ཏེ། དཀའ་སྤྱད་འབད་བརྩོན་གྱི་རྒྱང་སྐྱོད་གསར་བར་བསྐྱོད་པ་བརྗོད་དོན་ཡིན་པའི་གཅིག་བསྡུས་དྲིལ་སྒྲོག་བྱ་བ་སྤེལ། 

བྱ་འགུལ་གྱི་ཉིན་དེར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མ་དང་། གྲོང་ཁྱེར་གྱི་ཉེན་རྟོག་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བྱ་འགུལ་སྤེལ། ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་གཏོགས་མཁར་སྡེའི་ནང་གི་མི་སྣ་འགྲོ་འོང་དང་། ཐང་ཆེན། སྲང་ལམ་དུ་གཅིག་བསྡུས་དྲིལ་སྒྲོག་བྱེད་ས་བཙུགས་ནས། འཕྲེད་བྱང་དང་འགྲེམ་བྱང་། དྲིལ་སྒྲོག་དངོས་རྫས་སྟེར་བ་སོགས་ཀྱི་རྣམ་པ་འདྲ་མིན་གྱིས་དྲིལ་སྒྲོག་བྱ་བ་སྤེལ་ནས། མང་ཚོགས་དང་ཉེ་བར་བཅར་ཏེ་རྒྱུས་ལོན་བྱས། དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་དམག་སྒར་སྒོ་འབྱེད་ཉིན་མོ་དང་། ཉེན་རྟོག་པ་དང་སྡོད་དམངས་ཀྱི་གླེང་མོལ། བཞུགས་མོལ་ཚོགས་འདུ། བསམ་འཆར་བསྡུ་ལེན་ཚོགས་འདུ་བཅས་སྤེལ་ཏེ། དེང་རབས་སྨྱན་བྱད་ཀྱི་བྱེད་ཐབས་སྤྱད་དེ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས། མང་ཚོགས་ཀྱིས110ཉེན་རྟོག་བྱ་བའི་ཐད་ཀྱི་བསམ་འཆར་ལ་ཉན།

དྲིལ་སྒྲོག་བྱ་འགུལ་ཁྲོད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་ཀྱི་སྲང་ལམ་དང་མི་སྣ་འགྲོ་འོང་བྱེད་ས་གཙོ་ཤོས་སུ་དྲིལ་སྒྲོག་བྱེད་གནས139བཙུགས་པ་དང་། ཉེན་རྟོག་པ2700མངགས་ནས། དྲིལ་སྒྲོག་འགྲེམ་བྱང782དང་འཕྲེད་བྱང382བཀོད་སྒྲིག་བྱས་པ་མ་ཟད། དྲིལ་སྒྲོག་དངོས་རྫས་ཁྲི22བྱིན་པ་དང་། སྐད་འཕྲིན་དང་འཕྲིན་ཐུང་ཐེངས་ཁྲི400བསྐུར་ཞིང་། དྲིལ་སྒྲོག་མང་ཚོགས་མི་ཐེངས་ཁྲི15ལ་སླེབས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།