མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མར་རོལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1པའི་ཚེས10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མ་ཡིན་ཞིང་། ཉིན་དེར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་དར་ཆ་སྒྲེང་བ་དང་། ཉེན་རྟོག་པར་ཞུགས་པའི་ལོ་ཚོད་ཀྱི་རྗེས་དྲན་མཛད་སྒོ་དང་གཟེངས་བསྟོད་ཚོགས་ཆེན། སྤྱི་བདེ་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མར་རྟེན་འབྲེལ་ཞུས།

ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“དུས་རབས་གསར་བའི་བློ་དཀར་གཞུང་དྲང་དང་རླབས་ཆེན་བསྐྲུན་པའི”རྟེན་འབྲེལ་ཚོགས་ཆེན་བསྡུས་པ་དང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང“ཉེ་འགྲམ་གྱི་མིག་དཔེ”ཞེས་པའི་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་ཤིང་། ཉེ་འགྲམ་གྱི་མིག་དཔེ་མི་སྣ8དང་ཉེ་འགྲམ་གྱི་མིག་དཔེ་ཞེས་པའི་མིང་འདོན་མི་སྣ8་བདམས་ཐོན་བྱུང་བ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་པའི་དམག་སྒར་སྒོ་འབྱེད་བྱ་འགུལ་སྤེལ་ཞིང་། ལས་བཟོ་བའི་འཐུས་ཚབ100ལྷག་གདན་དྲངས་ནས་མཚོ་ནུབ་ཁུལ་གྱི་སྤྱི་བདེ་ཅུའུ་ཡི་བྱ་བའི་གྲུབ་འབྲས་དང་། ཉེན་རྟོག་པའི་དྲག་ཆས། རླངས་འཁོར་སོགས་ལ་ལྟ་སྐོར་བྱས་ཤིང་། མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་དང་། DNAཚོད་ལྟ་ཁང་བཅས་ལ་སྐོར་ཞིབ་བྱས་པ་མ་ཟད།དམིགས་བསལ་ཉེན་རྟོག་པའི་ཡར་ཞུའི་སྦྱོང་བརྡར་ལ་གཟིགས། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་ཡིས་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་བ་དང་། མི་དམངས་ཉེན་རྟོག་རོགས་སྒྲུབ་པའི་འཁྲབ་སྟོན་ལ་ལྟད་མོ་བས་དགའ་བསུ་ཐོབ།

ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཉེན་རྟོག་པས་ཉེན་རྟོག་པའི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས། ཏང་ལ་བློ་དཀར་ཞིང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་དྲང་བདེན་དང་སྒྲིག་སྲོལ་གཟབ་ནན། སྤོབས་པ་ཆེར་བསྐྱེད་ཀྱིས་འཐབ་འཛིང་བྱེད་པ་དང་། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་བྱས་ནས། མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ལ་ཁག་ཐེག་བྱེད་རྒྱུའི་འདོད་ཚུལ་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།