མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ། (ཨང25པ།)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་ཕྱི་ནང་དུ་པྲོག་གསར་གློ་ཚད་རིམས་ནད་མྱུར་དུ་མཆེད་པ་དང་མང་དུ་འགོས་པའི་གནས་བབ་བྱུང་ཡོད་ལ། ཕྱི་ནས་མཆེད་པ་འགོག་པ་དང་ནང་དུ་འཕར་བ་འགོག་པའི་ལས་འགན་ཅུང་ལྕི། པྲོག་གསར་རིམས་ནད་ཀྱི་འགོག་སྡོམ་བྱ་བ་སྔར་ལས་བཟང་པོར་བསྒྲུབ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ་འབྲེལ་ཡོད་དོན་དག་ཐད་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག རིམས་ནད་འགོག་སྡོམ་གྱི་འགན་འཁྲི་དོན་འཁྱོལ་དམ་པོ་དང་ནན་མོ་བྱེད་དགོས། ས་ཆ་སོ་སོའི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་དང་དེའི་ཁོངས་གཏོགས་ལས་ཁུངས་ཀྱིས་འཕྲལ་བསྟུན་གནས་བབ་སྤྱད་དེ། རྒྱལ་ནང་གི་ས་ཁུལ་ཁ་ཤས་ཀྱི་རིམས་ནད་འགོག་སྡོམ་གྱི་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་ནན་མོ་བྱས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་བག་གཡེང་གི་བསམ་བློ་དང་སུན་སྣང་གི་བསམ་ཚུལ། སྟེས་དབང་གི་སེམས་ཁམས། ལྷོད་གཡེང་གི་སེམས་པ་བཅས་མཐའ་གཅིག་ཏུ་སེལ་ནས། ཕྱོགས་བཞིའི་འགན་འཁྲི་ལག་བསྟར་ནན་མོ་དང་དམ་པོ་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། གནས་གཙོ་བོ་དང་མི་ཚོགས་གཙོ་བོའི་འགོག་སྡོམ་བྱ་བ་བསྟུད་མར་བཟང་པོར་བསྒྲུབ་དགོས་ལ། རིམས་ནད་བྱུང་ཚེ་མྱུར་དུ་འཕྲལ་བསྟུན་སྔོན་ཇུས་སྤྱོད་པ་དང་། མྱུར་དུ་བྱ་བ་བསྒྲུབ་ནས། བཀོད་འདོམས་ནུས་ལྡན་དང་མ་ལག་ཆ་ཚང་། བརྒྱུད་རིམ་གེགས་མེད། ལག་བསྟར་དོན་འཁྱོལ་བཅས་ཡོང་བར་བྱེད་དགོས།

གཉིས། རང་བདག་ཡར་ཞུའི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས། ཉེ་བའི་ཉིན་བཅུ་བཞིའི་རིང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་སོང་ནས་མཚོ་སྔོན་ལ་ཡོང་བ་དང་ཕྱིར་མཚོ་སྔོན་ལ་ལོག་པའི་མི་ཡོད་ཚད་ཀྱིས་དེ་མ་ཐག་ཏུ་རང་འགུལ་གྱིས་རང་ཉིད་ཡོད་སའི་སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་ལ། རང་འགུལ་གྱིས་ཆ་འཕྲིན་ཐོ་འགོད་དང་ཉིང་སྐྱུར་བརྟག་དཔྱད། གཅིག་བསྡུས་ལོགས་འགར་གསོ་རིག་ལྟ་ཞིབ་སོགས་ཀྱི་འགོག་སྡོམ་བྱ་བར་གཞོགས་འདེགས་བྱེད་དགོས།

གསུམ། འགོས་ཁྱབ་ཀྱི་ཉེན་ཁ་ཚད་ཆེས་མཐོ་བའི་སྒོ་ནས་ཇེ་ཆུང་དུ་གཏོང་དགོས། སྟབས་བདེ་དཔལ་ཡོན་དང་བདེ་ཐང་འཕྲོད་བསྟེན་གྱི་འཚོ་བ་རོལ་སྟངས་དར་སྤེལ་ཆེན་པོ་བྱས་ཏེ། ཉེ་ལམ་ཞིང་ཆེན་གཞན་དུ་ཡུལ་སྐོར་ལ་མི་འགྲོ་རྒྱུ་དང་། མི་མང་གི་འདུ་ཚོགས་དང་དགའ་འཛོམས་ཇེ་ཉུང་དུ་གཏོང་དགོས། བྱེད་ཐབས་ཟད་པ་མིན་ཚེ་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་གཞུང་དོན་སྒྲུབ་པ་དང་གུང་གསེང་གཏོང་བ། གཉེན་ཉེ་གྲོགས་པོར་ཐུག་པ་སོགས་སུ་མ་སོང་ན་བཟང་།

བཞི། གནས་གཙོ་བོ་དང་མི་ཚོགས་གཙོ་བོའི་འགོག་སྡོམ་ལ་བསྟུད་མར་ཤུགས་སྣོན་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་བསྟུད་མར་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་འོག སྨན་ཁང་དང་ལས་ཡུལ། བཟོ་གྲྭ། མཛོད་ཁང་། ཐོག་ཁང་། ཚོང་ཁྲོམ། ཞིང་ལས་རྒྱུ་ཆའི་ཁྲོམ་ར། མགྲོན་ཁང་། ཟ་ཁང་སོགས་འཚོ་བར་ཞབས་འདེགས་ཞུ་ཡུལ་ལ་རླུང་རྒྱུ་རུ་འཇུག་པ་དང་དུག་སེལ་བྱེད་པར་ཤུགས་བསྣན་ནས། ཁོར་ཡུག་གི་གཙང་སྦྲ་དུག་སེལ་དང་ལས་དོན་པའི་བདེ་ཐང་ལྟ་ཞིབ་བཟང་པོར་བསྒྲུབ་དགོས། སྤྱི་གླིང་དང་ཡུལ་སྐོར་གྱི་གནས་སོགས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གནས་ཡུལ་དག་ལ་ཚོད་འཛིན་པ་དང་སྔོན་ལ་དུས་ཆད་བྱེད་པ། སྔ་རྗེས་བསྣུར་བ་སོགས་ཀྱི་རྣམ་པས་མི་སྣ་འདུ་འཛོམས་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས། རོལ་རྩེད་ཁང་དང་དྲ་ཁང་སོགས་རོལ་རྩེད་ཀྱི་གནས་སུ་མི་སྣའི་བདེ་ཐང་ལ་ལྟ་ཞིབ་བྱེད་པ་དང་། མི་སྣའི་གྲངས་ཀ་དང་རོལ་རྩེད་ཀྱི་དུས་ཚོད་ལ་ཚོད་འཛིན་བྱེད་པ། རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བྱེད་པ་སོགས་ཀྱི་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། ཁེ་ལས་དང་སྦྲག་སྲིད་མྱུར་སྐྱེལ་ལས་རིགས། ལས་ཁུངས་སོགས་སུ་མི་སྣ་འགྲོ་འོང་གི་དོ་དམ་དང་མི་སྣའི་འགོག་སྲུང་། བདེ་ཐང་ལྟ་ཞིབ། ཉིན་རྒྱུན་དུག་སེལ་སོགས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ཞིབ་མོ་བྱེད་དགོས། སློབ་གྲྭ་དང་བུ་བཅོལ་ཁང་སོགས་ཀྱིས་འཕྲལ་བསྟུན་སྔོན་ཇུས་དང་འགོག་སྲུང་དངོས་རྫས་གསོག་འཇོག་སོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་དགོས། མི་དང་དངོས་རྫས། ཁོར་ཡུག་བཅས་ཀྱི་མཉམ་འགོག་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱི་རྒྱལ་ནས་ཐོན་པའི་དངོས་རྫས་དང་ལྷག་པར་དུ་ནང་འདྲེན་བྱས་པའི་འཁྱགས་ཟས་ལ་ཕྱོགས་ཡོངས་ཀྱི་ཞིབ་བཤེར་ཚད་ལེན་དང་སྔོན་འགོག་རང་བཞིན་གྱི་དུག་སེལ། འབྲེལ་ཐག་ཡོངས་ཀྱི་དོ་དམ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱེད་དགོས།

ལྔ། སྤྱི་དམངས་ཀྱི་འགོག་སྲུང་འདུ་ཤེས་ཇེ་མཐོར་གཏོང་དགོས། མི་སྒེར་གྱི་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་སྲུང་འཛིན་བྱས་ཏེ། ལག་པ་མང་དུ་འཁྲུ་བ་དང་། རླུང་མང་དུ་རྒྱུ་བར་བྱེད་པ། འདུ་འཛོམས་ཉུང་ཙམ་བྱེད་པ། ཁ་ཐུམ་རྒྱག་པ། སྤྱི་སྤྱོད་ཐུར་མ་དང་ཁེམ་བུ་བཀོལ་བ་སོགས་ཀྱི་འཕྲོད་བསྟེན་གྱི་གོམས་སྲོལ་དང་དཔལ་ཡོན་གྱི་བྱ་སྤྱོད་ལ་གོམས་པར་བྱེད་དགོས། བདེ་འཇགས་ཀྱི་འབྲེལ་འདྲིས་བར་ཐག་སྲུང་འཛིན་བྱེད་དགོས། རླངས་འཁོར་ས་ཚིགས་དང་སྤྱི་སྤྱོད་གནས་ཡུལ་སོགས་ནས་ལུས་དྲོད་འཇལ་བ་དང་བདེ་ཐང་ཨང་གྲངས་ལ་ཞིབ་བཤེར་བྱེད་པར་གཞོགས་འདེགས་གང་ལེགས་བྱེད་དགོས། གལ་ཏེ་ཚ་རྒྱག་པ་དང་ལུ་བ། བཤལ་བ། ཤུགས་ཟད་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། གཅིག་སྤྱོད་སྨན་བཀོལ་ཁ་ཐུམ་དང་རིམ་པ་དེ་ལས་མཐོ་བའི་ཁ་ཐུམ་བརྒྱབ་སྟེ། མྱུར་དུ་ཉེ་འགྲམ་གྱི་ཚ་ནད་སྒོ་བསྟེན་སྨན་ཁང་དུ་སོང་ནས་གྲལ་བཤེར་དང་བརྟག་བཅོས་བྱེད་དགོས་ལ། སྨན་ཁང་དུ་འགྲོ་སྐབས་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ལ་མ་བསྡད་ན་བཟང་།

དྲུག རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟབ་མོར་སྤེལ་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གཙོ་བོ་ཞིང་ལས་རྒྱུ་ཆའི་ཁྲོམ་ར་དང་ཟ་ཁང་འབྲིང་ཆུང་། མགྲོན་ཁང་དང་གསོལ་ཁང་། གད་སྙིགས་བརྒྱུད་འདྲེན་བྱེད་ས། འཛུགས་སྐྲུན་གནས་ཡུལ་སོགས་སུ་ཁོར་ཡུག་འཕྲོད་བསྟེན་དག་ཐེར་བྱས་ཏེ། གནས་ཟུར་ཙམ་ཡང་མ་ལུས་པར་གཙང་སྦྲ་བྱེད་དགོས། དེ་དང་མཉམ་དུ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དེ་དགུན་དཔྱིད་ཀྱི་རིམས་ནད་འགོག་སྡོམ་དང་། ཆམས་རིམས་སོགས་རིམས་ནད་གཞན་པའི་འགོག་བཅོས་དང་ཟུང་སྦྲེལ་བྱས་ཏེ། སྡོད་གནས་ཀྱི་ཁོར་ཡུག་ལེགས་བཅོས་དང་བཟའ་བཏུང་གི་གོམས་གཤིས། སྤྱི་ཚོགས་སེམས་ཁམས་བདེ་ཐང་། སྤྱི་སྤྱོད་འཕྲོད་བསྟེན་སྒྲིག་ཆས་སོགས་ཕྱོགས་མང་པོ་ནས་བྱ་བ་བསྒྲུབ་སྟེ། བདེ་ཐང་དག་གཙང་གི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་དགོས།

བདུན། བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་ལས་རེས་བྱ་བ་དམ་འཛིན་བཟང་པོ་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་སྔར་ལས་ཤུགས་བསྣན་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་སྤེལ་ནས། བདེ་འཇགས་ཐོན་སྐྱེད་ལ་གནོད་པ་བཟོ་བའི་འབུར་ཐོན་གནད་དོན་དང་ཉེན་ཁ་མྱུར་དུ་ཐག་གཅོད་དགོས་ལ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཉེན་ཁ་ཆེ་བའི་ལས་རིགས། ཁེ་ལས་གཙོ་བོ་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དངོས་སུ་དམ་འཛིན་བཟང་པོ་བྱས་ཏེ། དོན་རྐྱེན་ཆེན་པོའི་རིགས་འབྱུང་བར་བཀག་འགོག་མཐའ་འཁྱོལ་བྱེད་དགོས། འཕྲལ་བསྟུན་ལས་རེས་ལས་སྲུང་ལ་ཤུགས་བསྣན་ཏེ། སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། གྲལ་བཤེར་ཐོ་འགོད་དང་བདེ་ཐང་ལྟ་ཞིབ། ཆ་འཕྲིན་ཡར་ཞུ་སོགས་ཉིན་རྒྱུན་གྱི་འགོག་སྲུང་བྱ་བ་བསྟུད་མར་བཟང་པོར་བསྒྲུབ་སྟེ། སྡེ་ཁུལ་དང་སྡེ་བའི་རིམས་ནད་འགོག་སྡོམ་གྱི་དྲ་བ་སྔར་ལས་ཇེ་དམ་དུ་བཏང་ནས། མང་ཚོགས་ལ་བདེ་འཇགས་སྤྲོ་སྐྱིད་ཀྱི་ལོ་སར་ཞིག་རོལ་ཏུ་འཇུག་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ནས།

2021ལོའི་ཟླ་དང་པོའི་ཚེས9ཉིན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།