ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁོང་ཡུང་སྔ་གཞུག་ཏུ་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་དང་ཟི་ལིང་མེ་འཁོར་ས་ཚིགས། ཚའོ་ཅཱ་པའོ་གནམ་གྲུ་འབབ་ཐང་བཅས་སུ་སོང་ནས། ས་ཚིགས་གཉིས་དང་ཐང་ཆེན་གཅིག་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་ཅིང་། ས་ཚིགས་གཉིས་དང་ཐང་ཆེན་གཅིག་གི་མི་སྣ་ཕར་འགྲོ་ཚུར་འོང་གི་ཚད་ཆེ་ཞིང་གནས་ཚུལ་ཅུང་རྙོག་འཛིང་ཡིན་པར་བརྟེན། འབྲེལ་ཡོད་ལས་ཁུངས་སོ་སོས་བསམ་བློའི་སྟེང་ནས་དོགས་ཟོན་མཐོར་འདེགས་དང་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག མི་དང་དངོས་པོ། ཁོར་ཡུག་བཅས་ཀྱི་རིམས་ནད་མཉམ་འགོག་བྱ་བ་དམ་པོར་འཛིན་དགོས། བྱ་བའི་ཆེད་དོན་ལས་སྒྲུབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། གནད་འགག་ལས་གནས་སྟེང་གི་མི་སྣས་རང་ཉིད་སྔོན་འགོག་སྲུང་སྐྱོབ་ཀྱི་བྱ་བ་བཟང་བོར་སྒྲུབ་པ། དུས་ངེས་གཏན་ངང་ཞིབ་བཤེར་ཚད་ལེན་བྱེད་པ། ཁང་བའི་ནང་དུ་མི་མང་པོ་མི་འདུ་བར་ཚོད་འཛིན་དང་མི་དང་མིའི་དབར་བར་ཐག་ངེས་ཅན་འཇོག་པ། མི་སྣ་མང་པོ་འདུ་འཛོམས་མི་བྱེད་པར་ཁག་ཐེག་བྱེད་པ། ཆ་འཕྲིན་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་བྱེད་པ། མི་སྣའི་ཆ་འཕྲིན་དང་འགྲོ་འོང་གི་རྣམ་པ་གསལ་རྟོགས་ཡོང་བར་བྱེད་པ་བཅས་ལ་འབད་དེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱེད་དགོས།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཁོང་ཡུང་གིས་ས་ཚིགས་གཉིས་དང་ཐང་ཆེན་གཅིག་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས།