ཡུལ་ཤུལ་ཁུལ་གྱི་འོ་ལས་ཁེ་ལས་ཐོག་མ་འབྲི་སྟོད་རྫོང་དུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཨ་མའི་ཞོ་འོ་ལས་དར་སྤེལ་ཚད་ཡོད་ཀུང་ཟི་འབྲི་སྟོད་རྫོང་ཐོན་ལས་ར་བ་ནང་བཙུགས་པ་དང་།  འཆར་འགོད་ལྟར་ན་རྣམ་གྲངས་འདིར་མ་དངུལ་སྒོར་དུང་ཕྱུར1.59བཏང་ཡོད་ལ། ལས་གནས60ཐག་གཅོད་བྱེད་ཐུབ་པ་མ་ཟད། མཐའ་འཁོར་གྱི་ཕྱུགས་ལས་མཉམ་ལས་ཁང་དང་གསོ་སྤེལ་དུད་ཁྱིམ་སོགས་དུད་ཁྱིམ600ལྷག་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་མཐུན་རྐྱེན་སྐྲུན་ཐུབ། 

ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་ཨ་མའི་ཞོ་འོ་ལས་དར་སྤེལ་ཚད་ཡོད་ཀུང་ཟི་བཙུགས་པ་དེས་རྫོང་འདི་རུ་ཁེ་ལས་ཆེན་པོ་མེད་པའི་གནས་བབ་མེད་པར་བཟོས་པ་དང་།  ཡུལ་ཤུལ་ཁུལ་དུ་ཚད་རིམ་མཐོ་པའི་དེང་རབས་ཅན་གྱི་འོ་ལས་ལས་སྣོན་ཐོན་སྐྱེད་མ་ལག་མེད་པའི་ལོ་རྒྱུས་མཇུག་རྫོགས།  ཀུང་ཟིས་འཆར་འགོད་ལྟར་མ་འོངས་པའི་ལོ་ལྔའི་ནང་ཚོང་གཉེར་བྱེད་པའི་ཁེ་སྤོགས60%རྫོང་རིམ་པའི་མཉམ་ལས་ཁང་གི་དབུལ་ཕོངས་དུད་ཁྱིམ་ལ་འགྲེམ་གཏོང་བྱེད་རྒྱུ་ཡིན་པ་དང་།  དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་སྐུལ་འདེད་བྱེད་རྒྱུ་རེད།   །   

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།