ཡུས་ཧྲུའུ་ཡིས“ཁྱབ་པ་གསུམ”གྱིས་སྐབས་བརྗེའི་འདེམས་བསྐོར་རོགས་རམ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྡེ་བའི(གཞིས་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་འདེམས་བསྐོའི་བྱ་བ་འགོ་བརྩམས་པ་ནས་བཟུང་། ཡུས་ཧྲུའུ་ཁུལ་གྱིས་དྲིལ་སྒྲོག་སྐུལ་སློང་དང་། དམངས་འདུན་རྒྱུས་ལོན། འོས་མི་མཚམས་སྦྱོར་བཅས“ཡོངས་ཁྱབ་གསུམ”བྱ་བའི་བྱེད་ཐབས་གསུམ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཁུལ་ཡོངས་ཀྱི་སྡེ་བའི(གཞིས་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་འདེམས་བསྐོའི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ།

འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གཞི་རིམ་དུ་བསྐྱོད་ནས་ཁུལ་ཏང་ཨུའི་ཐུགས་ཁུར་དང་མཐོང་ཆེན། འགན་འཁྲི་དང་གནོན་ཤུགས། སྲིད་ཇུས་དང་བྱེད་ཐབས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྤེལ། ཐིན་རིམ་པའི་འགོ་ཁྲིད་ཀྱིས་རྫོང་དང་མཉམ་འབྲེལ་དང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་དང་མཉམ་འབྲེལ། ཁོའོ་རིམ་པའི་ལས་བྱེད་པས་གྲོང་གསེབ་ལ་འགན་འཁུར་བའི་བྱེད་ཐབས་ལག་ལེན་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་ནི“འགན་འཁྲི་འཁུར་མཁན་དང་པོ”ཡིན་པ་དོན་འཁྱོལ་བྱས་ཏེ། “མཐའ་མའི་སྤྱི་ལེ་གཅིག”གི་སྐབས་བརྗེའི་བྱ་བར་ཤུགས་བསྣན། “དྲ་རྒྱ་དང+ལས་བྱེད་པ+མང་ཚོགས”བཅས་ཀྱི་དྲིལ་བསྒྲགས་ལ་བརྟེན་ནས། བོད་རྒྱ་ཡིག་རིགས་གཉིས་བེད་སྤྱད་དེ་“འདེམས་པ་བདུན་དང་མི་འདེམས་པ་བདུན་”སོགས་དྲིལ་སྒྲོག་ལག་དེབ་བཟོས་པ་དང་། དུས་མཚུངས་སུ་བརྙན་ཐུང་སོགས་སྨྱན་སྦྱོར་གསར་བའི་སྟེགས་བུ་བརྒྱུད་ནས་དྲིལ་བསྒྲགས་བྱས།

ཁུལ་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་ཏང་ཡོན་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གཞི་རིམ་གྱི་ལས་ཡུལ་དངོས་སུ་ཟབ་ཞུགས་བྱས་ཏེ། 《དམངས་ཀྱི་གནས་ཚུལ་ཉིན་ཐོ》དང《བརྟག་དཔྱད་དྲི་ཤོག》སོགས་ཀྱི་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་དེ། ཁྱིམ་ཚང་རེ་རེའི་བསམ་ཚུལ་དང་འདོད་བློར་རྒྱུས་ལོན་བྱས་ནས། “གྲོང་ཚོའི་ནང་བསྐྱོད་ནས་དུད་ཚང་གཅིག་ཀྱང་མི་བསྐྱུར་བ་དང་དུད་ཚང་ཚང་མས་ལས་བྱེད་པ་མཐོང་ཐུབ་པ་བྱེད་དགོས”ཞེས་པ་ལག་ལེན་དུ་བསྟར། མིག་སྔའི་བར། ཁུལ་དང་རྫོང་། ཤང་བཅས་ཀྱི་ཏང་ཡོན་ལས་བྱེད་པ་ཁྱོན་བསྡོམས་པས3280ཡིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཐེངས5000ལྷག་ལ་བསྐྱོད་པ་དང་རིམ་པ་སོ་སོས་བཞུགས་མོལ་ཚོགས་འདུ་ཐེངས160ཚོགས།

གཞི་རིམ་གྱི་ལས་བྱེད་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་འཛིན་ཡིག་ཡོད་པའི་གཞི་རིམ་ལས་བྱེད་པ“མཐར་ཕྱིན་འཛིན་ཡིག་གཉིས་ལྡན”མཁན་སྔོན་ལ་འདེམས་བསྐོ་བྱེད་པའི་ཞིབ་བཤེར་གཏན་འབེབས་དང་། ཤང་དང་རྫོང་གིས་“རིམ་པ་གསུམ་འབྲེལ་གྱི་ཞིབ་བཤེར་རྩིས་ལེན”བྱས་ནས། ཡུས་ཧྲུའུ་ཁུལ་གྱི་གཞི་རིམ་ལས་བྱེད་པའི་སློབ་གྲྭའི་སློབ་མཐར་ཕྱིན་པའི་སློབ་མ་འདེམས་སྒྲུག་དང་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་པ་རེད། མིག་སྔའི་བར་ཁུལ་རིམ་པའི་གཞི་རིམ་ལས་བྱེད་སློབ་གྲྭ་ནས་གསོ་སྐྱོང་བྱས་པའི་སློབ་མ184ཡོད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས་”ཀྱི་ཚན་པར་འོས་མི167ཡོད་པ་དེས་གསོ་སྐྱོང་བསྡོམས་གྲངས་ཀྱི་བརྒྱ་ཆའི91ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།