མཚོ་སྔོན་པོའི་མཚོ་ངོས་ཀྱི་བཅུ་ཆའི་བརྒྱད་ལ་དར་ཆགས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཆག་པའི་དབང་གིས་མཚོ་སྔོན་པོར་དར་ཆགས་པའི་དུས་ཚོད་ལོ་སྔོན་མ་དག་ལས་ཅུང་སྔ་བོ་ཡོད། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བར། EOS/MODISསྲུང་སྐར་གྱིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། 2021ལོའི་ཟླ1པའི་ཚེས3ཉིན་མཚོ་སྔོན་པོར་དར་ཆགས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3577.94ཟིན་པ་དང་དེ་མཚོ་ངོས་རྒྱ་ཁྱོན་གྱི78%ལས་བརྒལ་ཡོད་ལ། ནུབ་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་ཁོ་ནར་དར་ཆགས་མེད་པའི་མཚོ་ཁུལ་ཆུང་ངུ་ཡོད། 2020ལོའི་ཟླ12པའི་ཚེས25ཉིན་མཚོ་སྔོན་པོར་ཐོག་མར་དར་ཆགས་པའི་དུས་དང་བསྡུར་ན་ཉིན10ཡི་རིང་ལ་དར་ཆགས་པའི་མཚོ་ངོས་ཀྱི་རྒྱ་ཁྱོན64.4%མང་དུ་ཕྱིན་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། 2020ལོའི་ཟླ12པའི་ཚེས28ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་གྲང་ངར་ཆེ་བའི་གནམ་གཤིས་བྱུང་སྐབས། མཚོ་སྔོན་ཞིང་ཆེན་བྱང་རྒྱུད་ཀྱི་མཚོ་སྔོན་པོའི་ས་ཁུལ་ལའང་ཤུགས་རྐྱེན་ཐེབས། མཚོ་སྔོན་པོའི་མཐའ་འཁོར་གྱི་ཐེམ་ཆེན་དང་། རྐང་ཚ། མདའ་བཞི། གུང་ཧོ་བཅས་གནམ་གཤིས་བརྟག་དཔྱད་ས་ཚིགས4ཡི་ལྟ་ཞིབ་ཚད་འཇལ་དཔྱད་ཡིག་ལྟར་ན། གྲང་ངར་ཆེ་བའི་དུས་སུ་མཚོའི་མཐའ་སྐོར་གྱི་གནམ་གཤིས་ས་ཚིགས་སོ་སོའི་ཉིན་རེའི་ཆ་སྙོམས་དྲོད་ཚད་མངོན་གསལ་དོད་པོས་མར་ཆག་ཡོད། དྲོད་ཚད་མགྱོགས་མྱུར་ངང་ཆག་པ་དེ་ནི་མཚོ་ངོས་སུ་དར་ཆགས་ཚད་སྔར་ལས་མགྱོགས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་ལྟར་ན། 2021ལོའི་ཟླ་དང་པོའི་ཟླ་སྟོད་དུ་མཚོ་སྔོན་པོའི་མཐའ་འཁོར་དུ་རིམ་པ6ནས7བར་གྱི་ནུབ་བྱང་རླུང་གཡུགས་རྒྱུ་ཡིན་ལ། མཚོ་ནུབ་དང་མཚོ་བྱང་ས་ཁུལ་དུ་ཁ་བ་བབས་ནས་དྲོད་ཚད་ཆག་རྒྱུ་རེད། སྔོན་དཔག་བྱས་ན་དེ་དུས་མཚོ་ངོས་ཡོངས་སུ་དར་ཆགས་ངེས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།