མཚོ་སྔོན་གྱིས་《མཚོ་སྔོན་ཞིང་ཆེན་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་ལག་བསྟར་ཚད་གཞི(ཚོད་ལྟ)》བཏོན། ​

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོ་གྲུབ་འབྲས་སྔར་བས་ལྷག་པར་བརྟན་བརླིང་ཟབ་གསུམ་དུ་གཏོང་བ་དང་། ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་ཚན་རིག་རང་བཞིན་དང་མ་ལག་རང་བཞིན། ཁ་གཏད་རང་བཞིན། ཕན་ནུས་རང་བཞིན་བཅས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་ཡིས《མཚོ་སྔོན་ཞིང་ཆེན་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་ལག་བསྟར་ཚད་གཞི(ཚོད་ལྟ)》ཞིབ་འཇུག་གཏན་འབེབས་བྱས། 

《ལག་བསྟར་ཚད་གཞི》ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་ལས་དོན་སྲོལ་ཡིག(ཚོད་ལྟ)》 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། 《2019-2023ལོའི་རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོ་ཟབ་སྦྱོང་ལས་དོན་འཆར་གཞི》སོགས་ཡིག་ཆའི་གཏན་འབེབས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཉེ་བའི་ལོ་འགའི་ཚུན་ལ་ཞིང་ཆེན་ཡོངས་སུ་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོ་སྤེལ་བའི་ཉམས་མྱོང་དང་བྱེད་ཐབས་ནན་ཏན་གྱིས་སྤྱི་སྡོམ་ཞུན་བརྡར་བྱས་ཏེ། 《ལག་བསྟར་ཚད་གཞི》དེ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་ལ་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་པར་མ་ཟད། རྩ་དོན་གྱི་བླང་བྱ་མཚོན་ཞིང་བེད་སྤྱོད་རུང་ལ་སྟབས་བདེ་བ་ཞིག་འབྱུང་བར་འབད་པ་བྱས་ཡོད། 

《ལག་བསྟར་ཚད་གཞི》ཡིས་ཞིང་སྡེ་དང་། སྡོད་ཁུལ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས། ལས་དོན་ལས་ཁུངས། རྒྱལ་གཉེར་ཁེ་ལས། སྤྱི་དབང་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་སོགས་ཁྱབ་ཁོངས་དྲུག་ཏུ་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོ་སྤེལ་བའི་ཚད་གཞི་བཟོས་ཤིང་། ཁྱབ་ཁོངས་རེ་རེའི《ལག་བསྟར་ཚད་གཞི》ལ་སྡེ་ཚན་དྲུག་རེ་ཡོད་དེ། སྡེ་ཚན་དང་པོ་ནི་བེད་སྤྱོད་ཁྱབ་ཁོངས་དང་། སྡེ་ཚན་གཉིས་པ་ནི་ཏང་གི་སྒྲིག་ཡིག་སྲོལ་ཡིག་དང་ཀྲུང་དབྱང་་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་སོགས་ལས་དོན་གྱི་གཞི་འཛིན་ས། སྡེ་ཚན་གསུམ་པ་ནི་ལས་འགན་གཙོ་བོ། སྡེ་ཚན་བཞི་པ་ནི་བྱེ་བྲག་གི་སློབ་གསོའི་ནང་དོན། སྡེ་ཚན་ལྔ་པ་ནི་གཞི་རྩའི་སློབ་གསོའི་རྣམ་པ།  སྡེ་ཚན་དྲུག་པ་ནི་འགན་འཁྲི་དང་སློབ་ཡུན། ཐོན་ཁུངས། སློབ་ཡོན་སོགས་ཀྱི་འགན་སྲུང་བྱེད་ཐབས་ཡིན། 

《ལག་བསྟར་ཚད་གཞི》ནི་མཚོ་སྔོན་གྱི་དུས་རབས་གསར་པའི་ཏང་ཡོན་སློབ་གསོའི་ཟབ་སྦྱོང་ལས་གཞིའི་མ་ལག་འཛུགས་སྐྲུན་ཁྲོད་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོ་ཚད་ལྡན་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་སྔར་ལས་ལྷག་པས་སྐུལ་འདེད་དང་འཐུས་ཚང་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།