སྲོལ་རྒྱུན་སྡེ་བ123ལ་སྒོ་བྱང་བཀལ་ནས་སྲུང་སྐྱོབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ལོ་མཇུག་ཏུ། ཀྲུང་གོའི་སྐོར་ཐེངས་ལྔ་པའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད་པའི་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཧྲང་ཞིན་ཀྲོང་གྲོང་རྡལ་ཧེ་ཁྲིན་སྡེ་བ་རུ་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་དང་། དེས་རང་ཞིང་གི་སྲོལ་རྒྱུན་སྡེ་བ123ཡོངས་རྫོགས་ལ་སྒོ་བྱང་བཀལ་ནས་སྲུང་སྐྱོབ་བྱས་པ་མཚོན་ལ། རང་ཞིང་གི་སྲོལ་རྒྱུན་སྡེ་བར་སྲུང་སྐྱོབ་བྱེད་པའི་བྱ་བ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཐད་ནས་གོམ་སྟབས་གལ་ཆེན་སྤོས་པ་ཡང་མཚོན་ཡོད།

2012ལོར་ཀྲུང་གོའི་སྲོལ་རྒྱུན་སྡེ་བར་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་ལྡན་པའི་སྲིད་འཛིན་སྡེ་བ330དང་རང་བྱུང་སྡེ་བ46ཏུ་ཞིབ་བཤེར་མཐིལ་རྟོགས་དང་ཐོན་ཁུངས་དཔྱད་འཇོག་བྱ་བ་སྤེལ་བ་དང་། སྐོར་ཐེངས་ལྔར་བགོས་ནས་སྡེ་བ290ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་འཇོག་རྒྱུའི་སྙན་ཞུ་ཕུལ། མིག་སྔའི་བར་དུ། བསྡོམས་པས་སྡེ་བ123ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད་པ་དང་། སྲོལ་རྒྱུན་སྡེ་བ94ལ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.82བཏང་བ་དང་། 2020ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་གཅིག་བསྡུས་མུ་འབྲེལ་སྲུང་སྐྱོབ་བེད་སྤྱོད་དཔེ་སྟོན་ཁུལ་དུ་ཡིག་ཐོག་སྙན་ཞུ་ཕུལ་བར་ཆོག་མཆན་ཐོབ་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.5བཏང་། ཉེ་བའི་ལོ་འགའི་རིང་ལ། སྲོལ་རྒྱུན་སྡེ་བར་སྲུང་སྐྱོབ་བྱེད་པའི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ། སྡེ་བའི་སྲོལ་རྒྱུན་གྲུབ་ཚུལ་དང་རང་བྱུང་ཁོར་ཡུག སྲོལ་རྒྱུན་བཟོ་སྐྲུན། སྲོལ་རྒྱུན་རིག་གནས་སོགས་ལོ་རྒྱུས་ཀྱི་རིག་གནས་ཐོན་ཁུངས་གཙོ་བོར་སྲུང་སྐྱོབ་བྱས་པར་མ་ཟད། སྡེ་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སྒྱུར་དང་མཐོར་འདེགས་བཏང་ནས། སྡེ་བའི་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ལ། སྲོལ་རྒྱུན་སྡེ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།