ཡུལ་སྐོར་ནི་མང་ཚོགས་ཕྱུག་པོར་འགྱུར་བའི་བྱེད་ཐབས་དང་འབྱོར་འབྲིང་དུ་བསྐྱོད་པའི་བགྲོད་ལམ་ཡིན།

2019ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གཞུང་གྲོང་རྡལ་རྒྱ་ཡེ་སྡེ་བའི་སྡེ་མི་རིག་འཛིན་རྒྱལ་དང་ཕག་ལོ་རྒྱལ་གཉིས་སྲིད་གཞུང་གི་སྣེ་ཁྲིད་འོག་ཏུ། སྔོན་ཆད་ཀྱི་དབུལ་ཕོངས་ཁྱིམ་ཚང་ནས་ད་ལྟ་ཚང་མའི་བསྟོད་བསྔགས་བྱེད་ཡུལ་གྱི་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་དུ་གྱུར་ཡོད།

རྒྱ་ཡེ་སྡེ་བ་མཚོ་སྔོན་པོར་བསྐྱོད་པའི་རྒྱལ་ལམ་གྱི་འགྲམ་དུ་ཆགས་ཡོད་ལ། སྔོ་ལྗང་ལྗང་གི་རྩྭ་ཐང་དང་གནམ་མཚོ་གཉིས་གཞི་གཅིག་ཏུ་འདྲེས་པའི་མཛེས་ལྗོངས་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་བརྒྱན་པའི་ཚུལ་དུ་གནས་ཡོད་པས། ཡུལ་སྐོར་པ་བགྲང་ལས་འདས་པ་ཞིག་གི་ཡིད་སྨོན་འཆོར་སར་གྱུར་ཡོད།

དབྱར་ཁར་ཡུལ་སྐོར་པ་འབོར་ཆེན་ཡོད་པ་དང་རྒྱ་ཡེ་སྡེ་བའི་ས་གཤིས་ཀྱི་དགེ་མཚན་འཆོར་དུ་མ་བཅུག་པར་རིག་འཛིན་རྒྱལ་དང་ཕག་ལོ་རྒྱལ་གཉིས་ཀྱིས་མྱུར་དུ་ཚོང་ཟོག་བཙོངས་པ་དང་རྟར་བཞོན་འདྲ་ལེན། ཞག་སྡོད་སྣེ་ལེན་སོགས་ཀྱི་ཡུལ་སྐོར་ལས་ཀ་ལས་མགོ་བརྩམས་རྗེས། ཁྱིམ་ཚང་དེ་གཉིས་ཀྱི་ཡོང་སྒོའང་ཉིན་རེ་བཞིན་ཇེ་མང་དུ་སོང་།

ད་ལོར་ཕོ་ལོ53ལ་སོན་པའི་སྡེ་མི་རིག་འཛིན་རྒྱལ་ཚང་དུ་བཟའ་མི2ཡོད། ཁོ་ནི་རིག་སྨོན་གཞུང་གྲོང་རྡལ་རྒྱ་ཡེ་སྡེ་བའི་ཧྲེ་གསུམ་པའི་སྡེ་མི་ཡིན། 2015ལོའི་ལོ་མཇུག་ཏུ། ཁོ་ཚོང་གི་མི་རེའི་ཆ་སྙོམས་ཀྱི་སྤྱད་ཆོག་པའི་ཡོང་སྒོ་སྒོར2500མ་གཏོགས་མེད། རིག་འཛིན་རྒྱལ་གྱིས་བཤད་པ་ལྟར་ན། ཆུང་མ་ནོར་བུ་འཚོ་ལོ་ངོ་མང་པོར་ལུས་ཕུང་མི་བཟང་བས་ནད་མང་བ་དང་། དེའི་ཁར་རང་ཉིད་ཀྱང་ལོ་ཇེ་ཆེ་ཡིན་པས། ལུས་པོའི་ངལ་རྩོལ་ལ་འཇུག་ན་ལས་འདོད་རུང་ལུས་ཀྱིས་མི་ལྕོགས་པས་ཁྱིམ་ཚང་དབུལ་ཕོངས་སུ་གྱུར་པ་རེད་ཟེར།

2016ལོའི་ལོ་མགོར། རིག་སྨོན་གཞུང་གྲོང་རྡལ་གྱིས་གནད་ཁེལ་དབུལ་སྐྱོར་དམིགས་འབེན་ཡིན་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་བརྩོན་ལེན་གང་ལེགས་བྱས་ཏེ། རིག་འཛིན་རྒྱལ་དང་ཁོའི་ཆུང་མ་གཉིས་མཚོ་སྔོན་པོ་ལྗོངས་ཁུལ་གྱི་རྒྱ་ཡེ་ཡུལ་སྐོར་ལྗོངས་ཁུལ་ནང་གི་གད་བདར་པར་གྱུར། དེ་ནས་བཟུང་བཟའ་ཟླ་འདི་གཉིས་ཀས་རང་རང་གི་ལས་རྐང་ནས་བརྩོན་པས་ལས་ལ་ཞུགས་པ་སྟེ་ཆར་རླུང་ལ་འཛེམ་པ་མེད་པར་ལོ་ངོ5ལ་ལས་དེར་འབད།

ད་ལྟ། མཚོ་སྔོན་པོའི་འགྲམ་ངོགས་སུ་ཆགས་པའི་སྡེ་མི་ཚང་མས་སྐད་འཕྲིན་རྩེ་ཤེས་ལ། སློབ་ཆུང་གི་རིག་གནས་ཆུ་ཚད་མ་གཏོགས་མེད་པའི་རིག་འཛིན་རྒྱལ་གྱིས་ཀྱང་རང་གི་བུས་ཁྲིད་པ་ལྟར་སྐད་འཕྲིན་བེད་སྤྱད་དེ་ཡུལ་སྐོར་པ་འགུག་པའི་ཡུལ་སྐོར་ཞབས་ཞུ་སྤེལ་བས་ཡོང་སྒོ་ཇེ་མང་དུ་སོང་།

“ཡུལ་སྐོར་པ་ཁ་ཤས་ཤིག་གིས་རོགས་བྱས་ཏེ་འགྲུལ་པ་མཚམས་སྦྱོར་བྱས་པ་དང་། ཡུལ་ཐོན་ཐོན་རྫས་འཚོང་རོགས་བྱས”རིག་འཛིན་རྒྱལ་གྱིས་དེ་ལྟར་བཤད། ཡུལ་སྐོར་པས་འགྲོ་ཞོར་འདུག་ཞོར་དུ་རོགས་རམ་ཅུང་ཙམ་བྱས་པར་ཁོ་རང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། 2017ལོའི་ལོ་མཇུག་ཏུ། རིག་འཛིན་རྒྱལ་གྱིས་ཁོ་ཚང་གི་སྡོད་ཁང་བསྐྱར་དུ་མཛེས་སྤྲས་བྱས་ཏེ་ཁོད་ཡངས་ལ་ནང་གསལ་བའི་སོ་ཕག་དང་ཤིང་ལས་གྲུབ་པའི་སྡོད་ཁང་དུ་བསྡད། སྡོད་ཁང་གསར་པ་ཡོད་རྗེས་རིག་འཛིན་རྒྱལ་གྱིས་སྒོར་མོ་བཙལ་ཐབས་གསར་པའི་ཕྱོགས་སུ་བསམ་བློ་གཏོང་མགོ་བརྩམས། བསམ་གཞིག་གང་མང་བཏང་ནས་ཁོས་ནོར་ལུག་གསོ་མགོ་བརྩམས། ད་ལྟ་ཁོ་ཚང་གི་གསོ་སྤེལ་ར་བའི་ཡོང་སྒོ་ལོ་རེར་སྒོར་ཁྲི3ལ་སླེབས་པས། 2019ལོའི་ལོ་མཇུག་ཏུ་ཁོ་རང་དབུལ་ཕོངས་ལས་ཐར་ཏེ་ཕྱུག་འགྱུར་འབྱོར་འབྲིང་གི་ཕྱོགས་སུ་གོམ་པ་སྤོ་མགོ་བརྩམས། ལོ་འདིར། ཕྱུག་པོར་གྱུར་ཡོད་པའི་རིག་འཛིན་རྒྱལ་བཟའ་མི་གང་པོ་ལྷ་ས་དང་པེ་ཅིན། སི་ཁྲོན་སོགས་ཀྱི་ས་ཆར་ཡུལ་སྐོར་ལྟད་མོར་སོང་། ཁོས་འདི་ལྟ་བུའི་འཚོ་བ་སྐྱིད་པོ་ཞིག་སྔོན་ཆད་སེམས་ལའང་དྲན་མ་མྱོང་ཟེར།

སྡེ་བ་དེའི་སྡེ་མི་ཕག་ལོ་རྒྱལ་གྱི་ཡོང་སྒོ་སྤར་ནས་ཕྱུག་པོར་འགྱུར་བའི་བྱེད་ཐབས་དེ་རིག་འཛིན་རྒྱལ་དང་ཕལ་ཆེར་འདྲ་མཚུངས་རེད། ཕག་ལོ་རྒྱལ་ཚང་དུ་བཟའ་མི3ཡོད། 2018ལོའི་ཡར་སྔོན་དུ་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཀྱི་སྤྱད་ཆོག་པའི་ཡོང་སྒོ་སྒོར2800རེད། ཁོ་ཚང་ལ་ངལ་རྩོལ་པ་ཁོ་མ་གཏོགས་མེད་ལ་བྱིས་པ་གཉིས་སློབ་གྲྭ་ན་ཡོད་པས་ལོ་དེར་ཁོ་ཚང་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་དུ་ངོས་འཛིན་བྱས། རིག་སྨོན་གཞུང་གྲོང་རྡལ་སྲིད་གཞུང་དང་རྒྱ་ཡེ་སྡེ་བའི་རོགས་རམ་འོག་ཏུ། ཕག་ལོ་རྒྱལ་གྱིས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ལ་བརྩོན་པ་བསྐྱེད། སྲིད་གཞུང་གིས་བསྩལ་པའི་དབུལ་སྐྱོར་དངུལ་བུན་བེད་སྤྱོད་གང་ལེགས་བྱས་ཏེ་སྔོན་ཆད་ཀྱི་ལུག40ད་ལྟ100ལྷག་ཏུ་འཕར་དུ་བཅུག་ཡོད་པས། ཁྱིམ་ཚང་གི་ཡོང་སྒོ་ལོ་རེ་བཞིན་ཇེ་མང་དུ་སོང་། ཡུལ་སྐོར་དུས་གཞུང་དུ། ཕག་ལོ་རྒྱལ་གྱིས་ཡུལ་སྐོར་དུས་གཞུང་གི་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ་མཚོ་སྔོན་པོའི་འགྲམ་ནས་རྟར་བཞོན་པར་ལེན་གྱི་ཞབས་ཞུ་བསྒྲུབས། དེ་ལྟར། ཕག་ལོ་རྒྱལ་ཚང་གི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་དང་། ཁྱིམ་གྱི་སྡོད་ཁང་ཁང་མིག་བཞི་པོར་བསྐྱར་དུ་མཛེས་སྤྲས་བྱས་ཏེ་ཡངས་ལ་གསལ་བ་ཞིག་ཏུ་བཏང་ཡོད།

ཕག་ལོ་རྒྱལ་གྱིས་བཤད་རྒྱུར། ད་ལྟ་ལྟོ་རྒྱབ་ལ་སེམས་ཁུར་བྱེད་མི་དགོས་པར་མ་ཟད་བྱིས་པ་གཉིས་སློབ་གྲྭར་འགྲིམ་པའི་གནད་དོན་ལའང་སེམས་ཁུར་བྱེད་མི་དགོས། ད་ལྟ། བུ་ཆེ་བ་སློབ་ཆེན་གྱི་དངོས་གཞི་ནས་མཐར་ཕྱིན་ཡོད་པ་དང་། བུ་ཆུང་བ་མཐོ་འབྲིང་འགྲིམ་བཞིན་ཡོད་ལ་སློབ་སྦྱོང་གི་གྲུབ་འབྲས་ཀྱང་ཅུང་བཟང་ཟེར།

ཡུལ་སྐོར་ལས་རིགས་ཀྱི་ལེགས་ཆ་བེད་སྤྱད་ནས་དབུལ་ཕོངས་མང་ཚོགས་མང་པོ་ཞིག་དབུལ་ཕོངས་ལས་ཐར་ཐུབ་པ་དང་། འབྱོར་ཕྱུག་གི་འཚོ་བ་གསར་པའི་ཕྱོགས་སུ་གོམ་པ་སྤོ་རུ་འཇུག་པ་ནི་རིག་སྨོན་གཞུང་གྲོང་རྡལ་དང་རྒྱ་ཡེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པ་རྣམས་ཀྱི་སྨོན་འདུན་རེད།

ད་སྐབས། ཡུལ་འདིའི་རོང་འབྲོག་མང་ཚོགས་རྣམས་ལ་མཚོ་སྔོན་པོའི་འགྲམ་གྱི་ཡུལ་སྐོར་ལས་རིགས་ཁྲོད་ནས་ཁེ་བཟང་ཐོབ་ཡོད་ལ། ཁེ་བཟང་དེ་དག་ཁོ་ཚོ་རང་ཉིད་ཀྱིས་བརྩོན་པ་ལྷུར་ལེན་བྱས་ཏེ་ཐོབ་པ་ལས་གཞན། ལོ་ངོ་འདི་དག་གི་རིང་ལ་སྲིད་གཞུང་གིས་གྲོང་གསེབ་ཡུལ་སྐོར་གསོ་སྐྱོང་བྱེད་པའི་ཐད་ལ་བྱ་བ་འབོར་ཆེན་ལས་པ་ལས་ཐོབ་པའང་རེད།

གུང་ཧོ་རྫོང་གིས་ཡུལ་སྐོར་ལས་རིགས་བརྒྱུད་ནས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བར་རོགས་རམ་བྱས་པ་དང་། ལག་རྡང་གཅིག་ཏུ་སྦྲེལ་ནས་རིགས་སོ་སོའི་དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་ཏེ་དབུལ་ཕོངས་ལས་ཐར་དུ་བཅུག་པས། དེ་ལྟར“ཡུལ་སྐོར་དབུལ་སྐྱོར”ནས“ཡུལ་སྐོར་དམངས་ཕྱུག”གི་དམིགས་འབེན་གསར་པ་མངོན་འགྱུར་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།