ལུགས་གསར་ལོ་སར་གྱི་གུང་གསེང་རིང་མཚོ་སྔོན་གནམ་ཐང་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི4.2སྐྱེལ་འདྲེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པའི་ཚེས4ཉིན་གསར་འགོད་པས་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2021ལོའི་ལུགས་སར་ལོ་སར་གྱི་གུང་གསེང་རིང་མཚོ་སྔོན་གནམ་ཐང་ཀུང་སིས་གནམ་གྲུ་འཕུར་ཐེངས444འགན་ལེན་བྱས་པ་དང་། འགྲུལ་པ་མི་ཐེངས་ཁྲི4.2དང་དངོས་ཟོག་ཏུན407.9སྐྱེལ་འདྲེན་བྱས། དེའི་ནང་ཟི་ལིང་གནམ་ཐང་གིས་གནམ་གྲུའི་འཕུར་ཐེངས356འགན་ལེན་བྱས་པ་དང་འགྲུལ་པ་མི་ཐེངས་ཁྲི3.5དང་དངོས་ཟོག་ཏུན342.9སྐྱེལ་འདྲེན་བྱས་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་གུང་གསེང་རིང་གི་མཁའ་འགྲུལ་འགྲུལ་པ་མང་ཆེ་བ་ནི་ཕ་ཡུལ་དུ་ལོག་ནས་འཁོར་ཞག་བྱེད་མཁན་ཡིན་ཏེ། ཞིང་ཆེན་ནང་ཁུལ་གྱི་ཕྱིར་བགྲོད་འགྲུལ་པ་མང་ཆེ་བ་ཞི་ཨན་དང་ལྷ་ས། ཀྲིན་ཀྲོའུ། ཧྲང་ཧའེ། ཧང་ཀྲོའུ། ཀོང་ཀྲོའུ། ཁྲུང་ཆིང་སོགས་སུ་བགྲོད་པ་མང་ལ། ཞི་ཨན་དང་ལྷ་ས། ཀྲིན་ཀྲོའུ། ཧྲང་ཧའེ་སོགས་ནས་མཚོ་སྔོན་དུ་ཡོང་མཁན་གྱི་འགྲུལ་བའང་ཅུང་མང་། 

གླེང་རིན་ཡོད་པ་ཞིག་ནི། ད་ལོའི་ལུགས་གསར་ལོ་སར་རིང་ཟི་ལིང་ནས་གྲོང་ཁྱེར་གྲགས་ཆེན་བར་གྱི་གནམ་གྲུའི་སྤ་སེའི་རིན་གོང་བཅུ་ཆའི་གཉིས་ཡས་མས་ཡིན་ཏེ། ཟི་ལིང་ནས་ཧྲང་ཧའེ་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར250དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར680ཡིན་ལ། ཟི་ལིང་ནས་ཞི་ཨན་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར150དང་ཟི་ལིང་ནས་ཀྲིན་ཀྲོའུ་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར270རེད། ཟི་ལིང་ནས་ཁྲུང་ཆིང་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར400རེད། ཞིང་ཆེན་ནང་ཁུལ་གྱི་མཁའ་ལམ་གྱི་སྤ་སེའི་རིན་གོང་ཡང་ཧ་ཅང་ཁེ་པོ་ཡོད་དེ་ཟི་ལིང་ནས་གཏེར་ལེན་ཁ་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར་80ཡིན་པ་དང་། ན་གོར་མོའི་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར290དང་མགོ་ལོག་བར་གྱི་སྤ་སེའི་རིན་གོང་དམའ་ཤོས་སྒོར300རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།