རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་ཤང་གྲོང་རིམ་པའི་རང་འགུལ་གནམ་གཤིས་བརྟག་བཤེར་ས་ཚིགས་ཡོངས་སུ་ཁྱབ་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྡོམ་པ་ཤང་གི་རང་འགུལ་གནམ་གཤིས་བརྟག་བཤེར་ས་ཚིགས་དངོས་སུ་བཙུགས་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་ཤང་གྲོང་རིམ་པའི་རང་འགུལ་གནམ་གཤིས་བརྟག་བཤེར་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པ་མཚོན་ཡོད། 

སྡོམ་པ་ཤང་དེ་མཚོ་བོད་མཐོ་སྒང་གི་དབུས་ཁུལ་དུ་ཆགས་ཤིང་གངས་ཆག་དང་རླུང་ཆེན་སོགས་རང་བྱུང་གནོད་འཚེ་བྱུང་ཐེངས་མང་ལ། ཤང་དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རང་འགུལ་གནམ་གཤིས་བརྟག་བཤེར་ས་ཚིགས་བཙུགས་མེད་པའི་ཤང་གྲོང་གཅིག་པུའང་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཤང་གྲོང་དུ་རང་འགུལ་གནམ་གཤིས་བརྟག་བཤེར་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པའི་ས་ཚིགས་མཐའ་མ་དེའང་ཡིན། སྡོམ་པ་ཤང་ས་ཁོངས་སུ་རང་འགུལ་གནམ་གཤིས་བརྟག་བཤེར་ས་ཚིགས་བཙུགས་པ་དེས་ས་ཁུལ་དེ་གའི་གནམ་གཤིས་ཀྱི་རྒྱུ་རྐྱེན་གཙོ་བོའི་ལྟ་ཞིབ་ཚད་ལེན་བྱ་ཐབས་མེད་པའི་གནད་དོན་ཐག་བཅད་པ་དང་། གནམ་གཤིས་བརྟག་བཤེར་དྲ་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ཚད་མང་དུ་བཏང་ནས་ལས་སྒོ་སྣ་ཚོགས་སྤེལ་རྒྱུར་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་གྲངས་གཞི་མཁོ་འདོན་བྱས། དེ་དང་ཆབས་ཅིག་ས་ཁུལ་དེ་གའི་གནམ་གཤིས་གནོད་འཚེ་སྔོན་འགོག་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། 

མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ལས་ཁུངས་ཀྱིས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ཞིང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་སྲུང་སྐར་རྒྱང་ཚོར་དང་ས་ངོས་ལྟ་ཞིབ་ཚད་ལེན་བྱ་རྒྱུ་གཙོ་བོར་འཛིན་པ་དང་། མི་མེད་གནམ་གྲུས་ལྟ་ཞིབ་ཚད་ལེན་ལ་རམ་འདེགས་བྱེད་པ་བཅས་ཀྱི་གཞི་རྒྱུ་མང་ལ་འབུར་གཟུགས་ཅན། ཚད་གཞི་མང་བའི་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་དྲ་བ་བཙུགས་ནས། མཐོ་སྒང་གི་རི་བོ་དང་ཆུ་བོ། ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་། འཁྱགས་རོམ། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་གི་གནམ་གཤིས་མང་ཆེ་བ་དང་འབྲེལ་ཡོད་གཞི་རྒྱུའི་རྒྱུན་མཐུད་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ནུས་པར་ལྟ་ཞིབ་ཚད་ལེན་དང་གདེང་འཇོག སྔོན་དཔག་བཅས་བྱ་རྒྱུར་གནམ་གཤིས་གྲངས་གཞིའི་འདེགས་སྐྱོར་ཐུབ་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།