ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ12པའི་ཚེས21ཉིན་ནས་ཚེས26ཉིན་བར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་དགུན་དུས་ཀྱི་སྐོར་ཞིབ་ལྟ་ཞིབ་བྱས་ཏེ། དགུན་སྒྲོལ་ཆུ་བྱ་དང་དགོ་བའི་རྒྱུད་སྤེལ་གྱི་དུས་མགོའི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། ཆུ་བྱའི་འདྲ་དཔེ་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས། ངང་སེར་དང་གག་པ་མཆུ་སེར། ཆུ་བྱ་ཨིར་མོ། ངང་དཀར་བཅས་དགུན་སྒྲོལ་ཆུ་བྱའི་རིགས4ཡི་གྲངས་འབོར1800ལྷག་ཟིན་ཐོར་བཀོད་པ་དང་། དེ་དག་གཙོ་བོ་ཆུ་ཁུག་དང་ཆོས་རྗེ་ཆུ་ཁ། རྐྱང་ཤེས་ཁུག་སོགས་དར་མ་ཆགས་པའི་ཆུ་ཁོངས་སུ་ཁྱབ་ཡོད། དེའི་ནང་ཆུ་ཁུག་དང་ཆོས་རྗེ་ཆུ་ཁ་རུ་ངང་དཀར200ལྷག་ཙམ་ལྟ་ཞིབ་ཚད་ལེན་ཐུབ་པ་དང་། ལོ་གོང་མ་དག་དང་བསྡུར་ན་ཉེ་བའི་ལོ་གསུམ་ནང་ངང་དཀར་མཚོ་སྔོན་པོའི་འགྲམ་དུ་དགུན་སྒྲོལ་བྱས་པའི་གྲངས་འབོར200ནས400བར་བརྟན་པོ་ཆགས་ཡོད། དེ་དང་ཆབས་ཅིག་ད་དུང་དགོ་བའི་ས་ཁུལ15ལ་ལྟ་ཞིབ་ཚད་ལེན་བྱས་ནས་དགོ་བའི་གྲངས་འབོར3000ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་པ་དེ་ན་ནིང་ལས700ལྷག་མང་དུ་ཕྱིན་ཡོད།
ཐེངས་འདི་སྐོར་ཞིབ་ཁྲོད། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འབྲོག་པའི་སྐོར་ཞིབ་སྲུང་སྐྱོང་རུ་ཁག་གིས་རྨས་སྐྱོན་ཕོག་པའི་དགོ་བ་ཞིག་དང་འཕྲད་ཅིང་། ལས་དོན་མི་སྣས་དུས་ཐོག་ཏུ་མཚོ་སྔོན་པོའི་འགྲམ་གྱི་དགོ་བའི་སྲུང་སྐྱོབ་ས་ཚིགས་སུ་འཁྱེར་ནས་མྱུར་སྐྱོབ་བྱས། དེས་“UNDP-GEFམཚོ་སྔོན་པོ་དང་མདོ་ལ་རི་བོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་ཁུལ་མ་ལག་ལ་ཤུགས་སྣོན་རྒྱག་པའི་རྣམ་གྲངས”ཀྱིས་སྲུང་སྐྱོང་ཁུལ་དང་སྡེ་ཁུལ་མཉམ་འདུས་དོ་དམ་ཁྲོད་ནུས་པ་འདོན་འགོ་ཚུགས་པ་གང་ལེགས་ཀྱིས་མཚོན་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་པོའི་དགུན་དུས་ཀྱི་སྐྱེ་ཁམས་དང་ཐོན་ཁུངས་ལ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱས་པ།