ཏུའུ་ཅའེ་ཡིས་ཧེ་ཡན་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅའེ་ཡིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་གྱི་སྣེ་ཁྲིད་དེ་ཧེ་ཡན་རྫོང་ཅིན་ཐན་ཤང་ཚང་ཁའེ་སྡེ་བ་དང་། ཟུར་གསུམ་མཁར་གྲོང་རྡལ་ཞི་ཁྲ་སྡེ་བར་སོང་ནས་ཞིང་སྡེའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོའི་བྱ་བར་རྟོག་ཞིབ་བྱས།

ཏུའུ་ཅའེ་ཡིས་ཧེ་ཡན་རྫོང་གི་ཞིང་སྡེའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོའི་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་གནང་། ཁོས་བསྟན་དོན། ཧེ་ཡན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ནས། ཏན་ཏིག་གིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོའི་བྱ་བའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། མཐོང་ཆེན་དང་བློ་སེམས་ཞིབ་མོས་བཀོད་སྒྲིག  དེ་མིན་གཅིག་གྱུར་སྐུལ་འདེད་དང་གོ་རིམ་གཟབ་ནན། སྒྲིག་སྲོལ་འཐུས་ཚང་། འགན་འཁྲི་དམ་པོས་འདེམས་བསྐོའི་ཆ་རྐྱེན་དང་། སྐབས་བརྗེའི་གོ་རིམ་དང་། ཐོབ་ཐང་ཞིབ་བཤེར། སྐབས་བརྗེའི་སྒྲིག་ཁྲིམས་བཅས་གཟབ་ནན་དུ་བཏང་སྟེ། ཞིང་སྡེའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོ་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་བར་རྨང་གཞི་བརྟན་པོ་བཏིང་། 

ཏུའུ་ཅའེ་ཡིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཀྲུང་དབྱང་གི་གཉིས་བཟང་གཉིས་སྟོབས་ཀྱི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་དམིགས་འབེན་ལག་ལེན་མཐར་ཕྱིན་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་མགོ་ལེགས་པོ་ཞིག་རྩོམ་པ་དང་། སྣེ་ལེགས་པོ་ཞིག་ཁྲིད་པར་རྩ་འཛུགས་ཀྱི་ཁག་ཐེག་མཁོ་འདོན་བྱས། ཁྲིམས་ལྟར་སྐབས་བརྗེའི་འདེམས་བསྐོའི་བྱ་བ་སྤེལ་བ་དང་། གོ་རིམ་ལྡན་པའི་ངང་ནས་མང་ཚོགས་ཀྱིས་ཏང་རྩ་འཛུགས་ཀྱི་འདོད་བློ་དང་ལྷན་དུ་སྐབས་བརྗེའི་འདེམས་བསྐོ་བྱ་བའི་དྲང་བདེན་མངོན་འགྱུར་བྱས་ནས། མང་ཚོགས་ཀྱིས་སྐབས་བརྗེའི་འདེམས་བསྐོའི་བྱ་བའི་ཁྲོད་དམངས་གཙོའི་འདོད་བློ་མཚོན་པ་དང་། དམངས་གཙོའི་དབང་ཆ་བེད་སྤྱོད་བྱེད་དུ་འཇུག་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།