ལུགས་གསར་ལོ་སར་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་གསར་ལོ་སར་རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་རྩ་འཛུགས་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ཅིང་། འགོ་ཁྲིད་ལས་བྱེད་པས་ལས་གནས་ཐོག་ལས་ཞུགས་སྣེ་ཁྲིད་དང་ཆུ་ཚོད24རིང་ལས་རེས་བརྟན་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱས་ལ། འཕྲལ་སྡོམ་དོགས་ཟོན་དང་ལས་རེས་བརྟན་སྲུང་ལས་དོན་ཏན་ཏིག་ངང་སྒྲུབ་པས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་སྤྱིའི་ཆ་ནས་གཏན་འཇགས་ཡིན་ལ། དེར་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཁས་ལེན་གང་ལེགས་ཐོབ་ཡོད། 

ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིན་གྱིས་སྔོན་བརྒལ་ཇུས་འགོད་དང་སྤྱི་འདོམས་ཞིབ་ཚགས། བཀོད་སྒྲིག་ཞིབ་ཕྲ་བཅས་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི2020ལོའི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བདེ་འཇགས་ཐོན་སྐྱེད་ཀྱི་གཅིག་བསྡུས་བཅོས་སྐྱོང་ལས་ཀའི་ཇུས་གཞི》འགྲེམས་སྤེལ་བྱས་པ་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་ཤོག་སྦག སྣུམ་རླངས་སྐྱེལ་འདྲེན་མདོང་ལམ། མེ་ཟོན། འགྲིམ་འགྲུལ་སྐྱེལ་འདྲེན། དངོས་ཟོག་སྐྱེལ་འདྲེན་བཅས་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ལོ་མཇུག་དང་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཤིང་ལས་འཛོལ་སྣ་ཚོགས་འབྱུང་བ་ནན་འགོག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཡོད།  

གྲོང་ཁྱེར་དང་ཁུལ་སོ་སོའི་འཕྲལ་སྡོམ་དོ་དམ་ཅུའུ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་མི་སྣ་འདུ་འཛོམས་ཁུལ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་གཉེར་སྐྱོང་བྱེད་ཡུལ། ས་གཤིས་གནོད་འཚེ་གཙོ་གནད་ཁུལ་བཅས་སུ་ཡུལ་དངོས་ཞིབ་བཤེར་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་ཁྱོན་ཉེན་བརྡ18དང་ལེན་བྱས་པ་དང་། དེའི་ནང་མེ་སྐྱོན14འདུས་ཤིང་མེ་སྐྱོན་ཅུང་ཆེ་བའམ་དེའི་ཡན་གྱི་མེ་སྐྱོན་བྱུང་མེད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རིམ་རྩིས་བྱས་ན་ལམ་ངོས་ཀྱི་ཁྲིམས་འཛིན་ཉེན་རྟོག་པ་མི་ཐེངས3422བཏང་བ་དང་། ཉེན་རྟོག་རླངས་འཁོར་ཐེངས673བཏང་ནས་འགྲོ་ལམ་ཤར་བགྲོད་ཐུབ་པར་འགན་ལེན་ནུས་ལྡན་བྱས། ཞིང་ཆེན་ས་ཡོམ་ཅུའུ་ཡིས་ས་ཡོམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་ཡོངས་ཀྱི་ས་ཡོམ་གནས་ཚུལ་ལྟ་ཞིབ་རྗེས་འདེད་དང་དབྱེ་ཞིབ་བརྡར་གཅོད་ལས་དོན་ནན་ཏན་ངང་བསྒྲུབས། ཞིང་ཆེན་གནམ་གཤིས་ཅུའུ་ཡིས་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་དང་། གཏེར་འདོན་ལས་རིགས། ཚོང་དོན་བཟོ་སྐྲུན་ལས་རིགས། ཨར་སྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན།མཛོད་གསོག་ལས་རིགས། མི་མང་འཛོམས་ས། དེ་བཞིན་ཡུལ་སྐོར་དང་ཆུ་འདོན། གློག་འདོན། སོལ་རླངས། དྲོད་རླངས་སོགས་ལས་རིགས་ཚང་མར་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་མེད་པས་སྤྱིའི་ཆ་ནས་གཏན་འཇགས་སུ་གནས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།