མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ཁོངས་གཏོགས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ཁོངས་གཏོགས་ཀྱི་བྱ་བའི་སྤྱི་སྡོམ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་བ་མ་ཟད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མ་ཝའེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མི་དང་དྲུང་ཡིག་ཆེན་མོ་ཅཱ་ཡུན་ཀྲུང་སོགས་ཚོགས་འདུར་ཞུགས་ཤིང་། མཱ་ཝའེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་སྟེང་། 2020ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སྤྱི་འདོམས་སུ་འཛིན་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་གྱིས“འདུ་ཤེས་བཞི”དང་“ཡིད་རྟོན་བཞི” “སྲུང་སྐྱོང་གཉིས་”བྱེ་བྲག་གིས་ལག་ལེན་དུ་བསྟར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ལ། རིགས་པའི་གཞུང་ལུགས་ཀྱིས་རིག་པ་གསལ་བའི་སྒོ་ནས་ཆབ་སྲིད་བརྟན་འཇགས་ཡོང་བར་འགན་ལེན་བྱས་ནས། བསམ་བློའི་རང་རྟོགས་ཀྱིས་རང་རྟོགས་བྱ་སྤྱོད་ལ་སྣེ་ཁྲིད་དེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རང་འགན་གཙང་སྒྲུབ་བྱས། ཞིང་ཆེན་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་འགྱུར་ཚད་སྔར་ལས་གོང་འཕེལ་སོང་ལ། མ་ལག་རང་བཞིན་དང་གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་སྔར་ལས་ཇེ་ཆེར་སོང་སྟེ། བྱ་བའི་ཁྱད་ཆོས་མངོན་གསལ་ཆེ་བ་དང་བཀྲག་མདངས་འཚེར་ས་མང་བ་བཅས་ཀྱིས་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་མཚོན་ཡོད་པའི་ངོས་འཛིན་གནང་།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། ལངས་ཕྱོགས་སྔར་ལས་མཐོ་བར་བརྟེན་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བྱ་ཐབས་གསར་གཏོད་བྱེད་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་བས་འགན་འཁུར་ལ་གཞོལ་ཏེ་ལས་དོན་དོན་འཁྱོལ་བྱེད་པ། སྔར་ལས་བླང་བྱ་ནན་མོ་བཏོན་ནས་རང་ངོས་འཛུགས་སྐྱོང་དམ་འཛིན་ལེགས་པོ་བྱས་ཏེ། སྟོབས་ཤུགས་ཆེར་བསྐྱེད་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་སྐོར་གྱི་འགོ་གསར་པ་བརྩམས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་དབུལ་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་ལ་ཞུགས་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བར་དཔྱད་བརྗོད་བྱས། ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་བྱ་བའི་གནས་ཚུལ་དང་ཡིག་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།