ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་པའི་བྱ་བར་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ནན་ཁྲོན་ཤར་ལམ་སྡེ་ཁུལ་ཞབས་ཞུ་ལྟེ་གནས་དང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་བཅས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་པའི་སྒུག་སྡོད་ས་ཁུལ་དང་། ཐོ་འགོད་ཁུལ། འགོག་སྨན་རྒྱག་གནས་སོགས་སྒྲིག་འཛུགས་བྱས་ཚུལ་ལ་རྟོག་ཞིབ་བྱས་ནས། སྨན་བཅོས་མི་སྣ་དང་འགོག་སྨན་རྒྱག་མཁན་ལ་ལབ་གླེང་བྱས་ཏེ་འགོག་སྨན་སྡེབ་སྐྱེལ་དང་། བརྒྱུད་རིམ། སྨན་བཅོས་དུས་འཁོར། མི་གྲངས། རིམས་ནད་ཚོད་འཛིན་སོགས་ཀྱི་གནས་ལ་ཞིབ་ཕྲའི་འདྲི་རྟོག་བྱས་ཏེ། ཁྱོན་ཡོངས་ནས་འགོག་སྨན་རྒྱག་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལང་ཕྱོགས་སྔར་ལས་ཇེ་མཐོར་བཏང་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འགན་འཁུར་གྱི་ནུས་པར་བརྟེན་ནས། པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་པའི་བྱ་བར་ཚད་མཐོའི་མཐོང་ཆེན་དང་། སྔོན་ལ་གཙོ་གནད་མི་ཚོགས་ལ་བརྟག་དཔྱད་མཐིལ་རྟོགས་བྱེད་པའི་ལས་དོན་ལེགས་པོར་སྒྲུབ་པ་དང་། འགོག་སྨན་རྒྱག་ཡུལ་ཚད་ལྡན་དུ་གཏོང་བ། བརྒྱུད་རིམ་སྒྲིག་བཟོ། གཟབ་ནན་གྱིས་ཚད་ལྡན་ཐོ་འགོད་ཆ་འཕྲིན་དང་། འགོག་སྨན་རྒྱག་པར་གཞིགས་ནས་ཧུར་བརྩོན་བརྟན་བརླིང་དང་བདེ་འཇགས། གོ་རིམ་ལྡན་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་མི་ཚོགས་ལ་འགོག་སྨན་རྒྱག་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་སྨན་བཅོས་ལས་ཁུངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་བསྲུང་ནས། གཟབ་ནན་ངང་ཚན་རིག་དང་མཐུན་ཞིང་ཞིབ་ཚགས་ཀྱི་བྱ་བའི་རྣམ་འགྱུར་བཟུང་ནས། རིམས་ནད་འགོག་སྨན་རྒྱག་པའི་བརྒྱུད་རིམ་ཧྲིལ་པོར་དཔྱད་བཤེར་བྱེད་པའི་བྱ་བར་ནན་ཏན་དང་རིམས་ནད་འགོག་སྨན་འཁྱག་སྦྲེལ་སྐྱེལ་འདྲེན་ཤར་བགྲོད། སྡེབ་སྐྱེལ་གནད་འཁེལ། སྤུས་ཚད་བདེ་འཇགས་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པར་བསྟན་པ་མ་ཟད། ཉམས་མྱོང་གསོག་ནས་མུ་མཐུད་དུ་སྨན་ཁང་གི་སྔོན་འགོག་ཚོད་འཛིན་བཟང་པོ་བྱས་ཏེ། རྗེས་མར་དམངས་ཡོངས་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་པར་གྲ་སྒྲིག་བཟང་པོ་བྱེད་པ་དང་། འགོ་མཇུག་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཟང་པོ་བསྒྲུབ་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།