ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ངོ་རྒོལ་བཅའ་ཁྲིམས》 གཏན་འབེབས་བྱས་ནས་ལོ་འཁོར5ལོན་པའི་སྐབས། མཚོ་སྔོན་ཞིང་ཆེན་འཇིགས་སྐུལ་རིང་ལུགས་ངོ་རྒོལ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་ཟི་ལིང་གྲོང་ཁྱེར་འཇིགས་སྐུལ་རིང་ལུགས་ངོ་རྒོལ་བྱ་བའི་འགོ་ཁྲིད་ཚན་ཆུང་བཅས་འབྲེལ་ཡོད་སྡེ་ཁག་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཐང་ཏའོ637ཐང་ཆེན་དུ《འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དྲིལ་བསྒྲགས་བྱ་འགུལ་སྤེལ།
བྱ་འགུལ་ཡུལ་དངོས་སུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཁྱད་ལྡན་ཉེན་རྟོག་རུ་ཁག་དང་མཁར་ནུབ་ཁུལ་སྤྱི་བདེ་ཡན་ལག་ཅུའུ་བཅས་ཀྱིས་སློབ་རའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཕྲལ་སྒྲུབ་འཁྲབ་སྦྱོང་བྱས་པ་མ་ཟད། སློབ་རའི་ནང་བྱུང་བའི་འཇིགས་སྐུལ་དོན་རྐྱེན་ཕྱོགས་ཀྱི་སྔོན་འགོག་དང་ཡུལ་དངོས་སུ་ཐག་གཅོད་སོགས་ནས་དཔེ་སྟོན་བྱས་ཞིང་། དགེ་སློབ་ཚང་མར་གློ་བར་དུ་བྱུང་བའི་འཇིགས་སྐུལ་དོན་རྐྱེན་ཐག་གཅོད་བྱེད་པའི་གོ་རིམ་དང་རང་སྐྱོབ་བྱེད་ཐབས་འགྲེམ་སྟོན་དང་མཛུབ་སྟོན་བྱས།
དྲིལ་བསྒྲགས་བྱེད་སའི་ཡུལ་དངོས་སུ། ལས་བྱེད་མི་སྣས་གྲོང་མིར《མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་ཀྱིས་འཇིགས་སྐུལ་ཁོངས་སྣེ་ཐེར་འདོན་བྱེད་པར་བྱ་དགའ་གནང་བའི་བྱེད་ཐབས》དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱས་ཏེ། འཇིགས་སྐུལ་དོན་རྐྱེན་ཇི་ལྟར་ཤེས་རྟོགས་བྱུང་བ་དང་བྱེད་ཐབས་གང་དག་ལ་བརྟེན་ནས་ངོ་རྒོལ་བྱེད་པ་སོགས་འགྲེལ་བཤད་བྱས་པ་དང་། རྒྱ་ཆེའི་གྲོང་མི་ཚང་མས་ཐུན་མོང་སྒོས་ངོ་རྒོལ་བྱེད་པ་དང་རང་སྐྱོབ་བྱེད་པ། ཕན་ཚུན་རོགས་རེས་བྱས་ཏེ་སྲོག་སྐྱོབ་པ་སོགས་ཀྱི་འདུ་ཤེས་ཆགས་པ་དང་དམངས་ཡོངས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པའི་རྣམ་པ་ཆགས་སུ་བཅུག །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་གྱི་སྡེ་ཁག་མང་པོས《འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དྲིལ་བསྒྲགས་བྱས་པ།