ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས2021ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་གསར“དུས་ཆེན་གཉིས”རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་དེ་མཚོ་སྔོན་ཞིང་ཆེན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་བདེ་འཇགས་ངང་དགུན་སྒྲོལ་དང་དྲོད་སྐྱིད་ངང་དུས་ཆེན་རོལ་བར་འགན་ལེན་བྱ་རྒྱུའི་གཏན་འབེབས་བྱས།
མཚོ་སྔོན་ཞིང་ཆེན་གྱིས2011ལོར་ཐེངས་དང་པོར“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་པ་དང་། ལོ་9ཡི་ནང་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི595.42ལ“དུས་ཆེན་གཉིས”ཀྱི་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར16.7སྤྲད་ཡོད། 2021ལོའི“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དེ་ལོ་གོང་མའི་ཚད་གཞི་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད་དེ། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་རེར་སྒོར500སྤྲོད་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་མི་རེར་སྒོར400སྤྲོད་པ། རྒྱལ་ཁབ་ཀྱི་འཆི་གོད་གྱོང་གསབ་རོགས་དངུལ་ལོངས་སྤྱོད་བྱེད་པའི་གཟིགས་སྐྱོང་བྱ་ཡུལ་གཙོ་བོ་དང་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གི་ཏང་ཡོན་རྒན་གྲས་ལ་མི་རེར་སྒོར560སྤྲོད་རྒྱུ་རེད། ཐེངས་འདིའི“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི39.92ལ་རག་ལས་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར1.68གཏང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སྤྱི་ཚོགས་རོགས་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་ཡེ་ཁྲེང་མིང་གིས“དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་། པྲོག་གསར་གློ་ཚད་རིམས་ནད་དང་ཟོག་གོང་འཕར་བ་སོགས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་ཆེད། 2021ལོར་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ‘དུས་ཆེན་གཉིས’ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ’མུ་མཐུད་དུ་སྤྲོད་རྒྱུ་ཡིན་ལ། ‘དུས་ཆེན་གཉིས’རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ནས་གཞི་རྩའི་དམངས་འཚོར་འགན་ལེན་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཡིན”ཅེས་བཤད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ“དུས་ཆེན་གཉིས”ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར1.68སྤྲོད་རྒྱུ་རེད།