​ཝུན་གོ་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་པས་ཏང་རྩ་འཛུགས་དང་ལས་གནས་ལས་ཕྱིར་ཕུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་སྔོན། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའམ་ཧྲིན་ཀྲང་གཞོན་པ་སྔོན་མ། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་སྔོན་མ། ཚྭ་འདམ་གཤོངས་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་ཨུའི་ཧྲུའུ་ཅི་སྔོན་མ་ཝུན་གོ་ཏུང་གི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱས། 

ཞིབ་བཤེར་བྱས་པ་ལྟར་ན། ཝུན་གོ་ཏུང་གིས་ཏང་གི་ཕུགས་བསམ་དང་དད་གུས་དང་དམིགས་ཡུལ་བརྗེད་ཅིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ཁྲལ་སེལ་སླ་བཅོས་དང་བྱེད་ཐབས་གཞན་སྤྱད་པ་མ་ཟད། ཐ་ན“རྡོ་སོལ་ལ་བརྟེན་ནས་རྒྱུ་ནོར་གསོག་པ”དང་ཁྲིམས་འགལ་ངང་སྒེར་གཉེར་ཁེ་ལས་པ་དང་ཁེ་ཕན་བརྗེ་རེས་བྱས་ཤིང་། ཁྲིམས་འགལ་གྱིས་རྡོ་སོལ་སྔོག་འདོན་བྱེད་པར་འགེབས་སྲུང་བྱས་ནས་མདོ་ལ་རི་བོའི་ལྷོ་ངོས་ཀྱི་མཚོ་སྔོན་ས་ཁོངས་ནང་གི་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་གྱི་རྡོ་སོལ་སྔོག་འདོན་གནད་དོན་དག་སྒྲིག་བྱས་ཀྱང་བཅོས་མེད་ལ་བཀག་ཀྱང་སྡོམ་ཐུབ་མེད། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་ཁྲིད་འགན་འཁྲི་མ་ཁུར་བར་ས་གནས་དེ་གའི་ཆབ་སྲིད་ཀྱི་སྣོད་བཅུད་ལ་གཏོར་བཤིག་ཚབས་ཆེན་བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་ཡུན་རིང་བོར་སྒེར་གཉེར་ཁེ་ལས་པས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་ལེན་བྱས་པ་མ་ཟད་སྒྲིག་འགལ་ངང་སྐྱེས་དངུལ་བླངས། རྩ་འཛུགས་ཀྱིས་བགྲོ་གླེང་དང་ཡིག་སྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ་དང་། དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མིར་བརྡ་བཏང་ནས་ལས་གྲྭ་གཉེར་རོགས་དང་ཁེ་དབང་ཉོ་འཚོང་བྱེད་པ། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་དང་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ལེན་པ་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་རེག་ཏུ་བཅུག་པ་དང་འབྲེལ་ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་བླངས་ཡོད།  

 ཝུན་གོ་ཏུང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལ་རྒྱབ་འགལ་ཚབས་ཆེན་བྱས་པ་དང་། ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞི་ཡོད། དེར་མ་ཟད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སུའང་སྒྲིག་འགལ་གྱི་ཚོད་མི་འཛིན་པ་དང་ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པས་ཐག་གཅོད་ནན་མོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་རྗེས་ཝུན་གོ་ཏུང་ལ་ཏང་ཁུངས་ནས་ཕུད་པའི་ཆད་པ་བཅད། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་གྱིས་གཞུང་གནས་ནས་ཕུད་རྒྱུའི་ཆད་པ་བཅད་ཅིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མིའི་ཐོབ་ཐང་ཕྱིར་བླངས། ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱས་ཤིང་། ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱས་པ་དང་འབྲེལ་ཡོད་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱས་ཡོད། །


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།