མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཨ་ཆེན་གངས་རྒྱབ་ཁོངས་གཏོགས་ཀྱི་སྲུང་སྐྱོང་ས་ཚིགས་ལྔ་ལ་འོད་ནུས་དྲོད་རླངས་དང་དབྱང་རླུང་འཁོ་འདོན་སྒྲིག་ཆས་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ12པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཨ་ཆེན་གངས་རྒྱབ་དོ་དམ་ས་ཚིགས་ཁོངས་གཏོགས་མུ་ཏིག་ཚྭ་ཆུ། བསོད་ནམས་དར་རྒྱས། སྨུག་པ་ལ་སྒང་། དམར་ཆུ། བྲག་ནག་མཚེའུ་སོགས་སྲུང་སྐྱོང་ས་ཚིགས་སུ་འོད་ནུས་དབྱང་རླུང་མཁོ་འདོན་བྱེད་པའི་སྒྲིག་ཆས་བཀོད་སྒྲིག་བྱས་པ་མ་ཟད། བྲག་ནག་མཚེའུ་སྲུང་སྐྱོང་ས་ཚིགས་སུ་དྲོད་རླངས་མཁོ་འདོན་བྱེད་པའི་སྒྲིག་ཆས་རྩིས་སྤྲོད་རྩིས་ལེན་བྱེད་པའི་མཛད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་སྲུང་སྐྱོང་ས་ཚིགས་ལྔ་ཡི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4500ཡན་དུ་ཡོད་ལ། རྟག་པར་གྲང་ངར་ཆེ་ཞིང་དབྱང་རླུང་མི་འདང་བས། ས་ཚིགས་ཀྱི་མི་སྣའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། གློག་དང་དྲོད་རླངས། དབྱང་རླུང་མཁོ་འདོན་བཅས་གཞི་གཅིག་ཅན་གྱི་ཐག་གཅོད་འཆར་གཞི་འཆར་འགོད་བྱས་ཏེ། ཞིང་ཆེན་ཚན་རྩལ་ཐིན་གྱིས་《གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་གློག་སྤྱོད་དྲོད་རླངས་དང་དབྱང་རླུང་མཁོ་འདོན་གཞི་གཅིག་ཏུ་འགྱུར་བའི་ཕྱོགས་བསྡུས་ཞིབ་འཇུག་དང་ཉེར་སྤྱོད》ལས་གཞིའི་རྣམ་གྲངས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མ་དངུལ་སྒོར་ཁྲི250བཏང་ནས་སྔོན་ལ་དབྱང་རླུང་མཁོ་འདོན་འཕྲུལ་ཆས་ཆུང་འབྲིང20དང་། མཁའ་རླུང་ཕྱོགས་བསྡུས་དྲོད་འདོན་མ་ལག་དང་སྟོང་ཝ384ཡི་འོད་ནུས་གསོག་ཉར་སྒྲིག་ཆས་སོགས་བཀོད་སྒྲིག་བྱས་པ་དང་། ས་བབ་ཧ་ཅང་མཐོ་བའི་ནུས་ཁུངས་གསར་པའི་ལག་རྩལ་སྤྱད་དེ་ཕན་ནུས་ལྡན་པའི་སྒོ་ནས་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ས་ཚིགས་སོ་སོའི་གློག་དང་དྲོད་རླངས། དབྱང་རླུང་བཅས་མཁོ་འདོན་དང་། གཞི་གཅིག་ཅན་གྱི་མ་ལག་སྒྲིག་ཆས་འདོན་སྤྲོད་བྱེད་པ་ཐག་གཅོད་བྱས།

སྔོན་དཔག་བྱས་པ་ལྟར་ན་ལས་གཞིའི་རྣམ་གྲངས་དེ་སང་ལོའི་ལོ་མཇུག་གི་སྔོན་ལ་འཛུགས་སྐྲུན་བྱས་ནས་བཀོལ་སྤྱོད་བྱེད་འགོ་རྩོམ་རྒྱུ་རེད། ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱས་རྗེས། ས་བབ་མཐོ་བའི་སྒྲིག་ཆས་བཀོལ་སྤྱོད་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ་སོགས་ཀྱི་ལག་རྩལ་ཞིབ་འཇུག་བྱས་ཏེ། ས་བབ་མཐོ་བའི་སྤྱོད་ནུས་ཚད་གཞི་ཚད་ལྡན་བཟོས་ནས་སླད་ཕྱིན་རིགས་གཅིག་པའི་འཛུགས་སྐྲུན་ཕྱོགས་ལ་ལག་རྩལ་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་མ་ཟད། ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ས་ཚིགས་ལ་གློག་དང་དྲོད་རླངས། དབྱང་རླུང་མཁོ་འདོན་བཅས་གཞི་གཅིག་ཅན་གྱི་ཐོན་སྐྱེད་འཚོ་བའི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་དང་། མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཕྱི་རོལ་ཞབས་ཞུའི་འགན་སྲུང་བྱེད་གནས་བསྐྲུན་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་བྱེད་ཆེད་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།