ཁོང་ཡུང་གིས་དུས་ཆེན་གཉིས་སྔོན་དུ་གྲོང་གསེབ་ཀྱི་དྲོད་འདོན་འགན་སྲུང་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དུས་ཆེན་གཉིས་ཐོན་ལ་ཉེ་བའི་སྐབས་སུ། 2020ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ཁུལ་སྐོར་ཞིག་ལ་སོང་ནས། དགུན་དུས་ཀྱི་གྲོང་གསེབ་ཀྱི་དྲོད་འདོན་འགན་སྲུང་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་བྱས།

ཁོང་ཡུང་སྔ་གཞུག་ཏུ་མཁར་ནུབ་ཁུལ་ཡོན་ཧྲུའུ་སྲང་ལམ་སྐུད་མེད་གློག་བཟོ་གྲྭ་གཉིས་པའི་གཞིས་ཁུལ། མཁར་དཀྱིལ་ཁུལ་པད་ཡུན་ཧྭ་ཅུའུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་། མཁར་ཤར་ཁུལ་མཚོ་བོད་ལྕགས་ལམ་གཞིས་ཁུལ་བཅས་ལ་སོང་ནས། དྲོད་འདོན་སྒྲིག་ཆས་འཁོར་སྐྱོད་དང་དྲོད་འདོན། རླངས་འཁོན་འགན་སྲུང་སོགས་གནས་ཚུལ་དང་དེའི་ཐད་གནས་པའི་དཀའ་ཁག་གནད་དོན་ལ་ལྟ་ཞིབ་བྱས་པར་མ་ཟད། སྡོད་དམངས་ཀྱི་ཁྱིམ་དུ་སོང་ནས་བསམ་འཆར་ལ་ཉན་པ་དང་། ཡུལ་དངོས་ནས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྡོད་དམངས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་མཐུན་སྦྱོར་ཐག་གཅོད་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ད་ལྟ་ད་ལོའི་དགུན་དུས་ཀྱི་གྲང་ངར་ཆེས་ཆེ་བའི་དུས་སྐབས་ལ་སླེབས་པ་དང་། དེའི་ཐོག་དུས་ཆེན་གཉིས་ཐོན་ལ་ཉེ་བའི་རྐྱེན་གྱིས། དགུན་དུས་གྲོང་གསེབ་ཀྱི་དྲོད་འདོན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་ཆེས་ཆེ་བའི་དམངས་ཚིས་བཟོ་སྐྲུན་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ། ཁེ་ལས་བཅས་ཀྱིས་མི་དམངས་གཙོར་འཛིན་པའི་བསམ་བློ་ལག་བསྟར་བཟང་བོ་བྱེད་པ་དང་། ཤུགས་ཡོད་བྱེད་ཐབས་སྤྱད་དེ། སྟོབས་ཤུགས་ཡོད་རྒུས་དགུན་དུས་གྲོང་གསེབ་ཀྱི་དྲོད་འདོན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། གྲང་ངར་ཆེ་བའི་སྐབས་ཀྱི་དྲོད་འདོན་འགན་སྲུང་ལ་ཤུགས་སྣོན་པ་དང་། དྲོད་འདོན་ཁ་གསབ་རྐྱེན་སྲོལ་ལ་ཞིབ་འཇུག་བྱེད་པ་དང་རྐྱེན་སྲོལ་འཛུགས་པ། མཁོ་འདོན་ཉེན་བརྡའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ། དུས་བསྣོལ་དྲོད་འདོན་བྱེད་ཐབས་ལག་བསྟར་བྱེད་པ། ནུས་ཁུངས་མཁོ་འདོན་གཏན་འཇགས་ཡོང་བར་འགན་སྲུང་བྱས་ནས། དྲོད་འདོན་གྱི་མཐོ་རླབས་ལ་ཁ་གཏད་བཟང་བོ་འཇལ་དགོས། དྲོད་འདོན་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། དོ་དམ་ཚད་ལྡན་དུ་བསྒྱུར་བ། གཏན་འཇགས་ཀྱི་དྲོད་ཁུངས་འདོན་སྤྲོད་བྱེད་པ། དྲོད་འདོན་གྱི་སྤུས་ཚད་ལ་འགན་སྲུང་བྱས་ནས། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཉིན་རྒྱུན་དུ་ཁྱིམ་ཚང་ལ་སོང་ནས་ཞིབ་བཤེར་བྱེད་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་དང་ལེན་བྱེད་པ་དང་ཐག་བཅད་དེ། མང་ཚོགས་ཀྱི་ཞུ་གཏུག་ཐག་གཅོད་ཐུབ་པར་ཁག་ཐེག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་དགུན་ཁ་ཞིག་རོལ་བ་དང་ཞི་འཇགས་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།