མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི39.92ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར1.68སྤྲོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་། པྲོག་གསར་གློ་ཚད་རིམས་ནད་དང་ཟོག་གོང་འཕར་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་བ། “དུས་ཆེན་གཉིས”རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡོང་སྒོ་ཕན་ནུས་ལྡན་པར་འཕར་སྣོན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། ཟླ12པའི་ཚེས30ཉིན་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་མཉམ་འབྲེལ་གྱིས་བརྡ་ཐོ་བཏང་ནས། 2021ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་ཅན་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་ནས། ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་བདེ་འཇགས་ངང་དགུལ་བསྐྱལ་བ་དང་དགའ་སྤྲོའི་ངང་ལོ་སར་རོལ་ཐུབ་པར་འགན་ལེན་ཏན་ཏིག་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་“ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་མུ་མཐུད་དུ་ལོ་སྔོན་མའི་ཚད་གཞི་ལྟར། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་རེར་སྒོར500དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དབུལ་ཕོངས་དུད་ཚང་ལ་མི་རེར་སྒོར400།  རྒྱལ་ཁབ་ཀྱི་གཟིགས་སྐྱོང་རོགས་དངུལ་ལོངས་སྤྱོད་བྱེད་མཁན་གཙོ་བོ་དང་ཀྲུང་གོ་གསར་པ་དབུ་མ་བརྙེས་སྔོན་གྱི་ཏང་ཡོན་རྒན་གྲས་མི་རེར་སྒོར560བཅས་སྤྲོད་རྒྱུད་རེད། སྔོན་དཔག་ལྟར་ན་ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.68གཏོང་རྒྱུ་རེད།

ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་ས་གནས་ཁག་གི“དུས་ཆེན་གཉིས་”ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། མཐུན་སྦྱོར་གཞོགས་འདེགས་ཀྱིས་བྱ་བའི་ཇུས་གཞི་ནན་ཏན་ངང་གཏན་འབེབས་དང་། དུས་ཐོག་ཏུ་ལས་དོན་སྒྲིག་འཛུགས་བཅས་བྱས་ནས་དུས་ཐོག་ཏུ་“དུས་ཆེན་གཉིས་”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་དགོས་པའི་བླང་བྱ་བཏོན། དུས་མཚུངས་སུ་ས་གནས་ཁག་གིས་དྲིལ་བསྒྲགས་ལས་དོན་བཟང་པོར་བསྒྲུབ་ཏེ། རྒྱ་ཆེའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་གང་ལེགས་བྱེད་པ་ཚོར་ཏུ་འཇུག་དགོས། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དབུལ་པོར་དུས་ཐོག་ཏུ་གནས་སྐབས་རོགས་སྐྱོབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།