མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གྲོང་གསེབ་ས་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ཀྱི་རྒྱལ་ཡོངས་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བཟང་པོ་བྱེད་པ་དང་། ཉེ་དུས་ཀྱི་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་ཁྱབ་བསྒྲགས་བྱས་ཏེ། “དུས་ཆེན་གཉིས”སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་།

ཁོང་ཡུང་གིས་ཉེ་དུས་སུ་ཞིང་ཆེན་གྱི་གོང་འོག་ཚང་མས་མཐའ་གཅིག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་ལ་བརྩི་སྲུང་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་བརྩི་སྲུང་བྱས་ཏེ། བག་གཡེང་གི་བསམ་བློ་དང་། སུན་སྣང་གི་བསམ་ཚུལ། སྟབས་ལེགས་བསམ་ཚུལ་བཅས་ཁྱད་གསོད་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས“ཕྱོགས་བཞིའི”འགན་འཁྲི་བསྒྲུབ་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་གཏོང་བ། གནད་དོན་ཡར་ཞུ་བྱས་ནས་འཕྲལ་ཏུ་བཅོས་བསྒྱུར་བྱེད་པ། མཐུན་སྦྱོར་གྱི་ཕན་ནུས་ལེགས་བཅོས་བྱེད་པ་བཅས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་གནས་བབ་རྒྱུན་མཐུད་བརྟན་བརླིང་ལྡན་པར་བྱས་ཡོད། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་པྲོག་གསར་གློ་ཚད་རིམས་ནད་སྔར་བས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་གནས་སུ་ལྷུང་ཡོད་པས། ས་གནས་ཁག་དང་སྡེ་ཁག་ཁག་གིས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཕྲད་པའི་གནས་བབ་ཛ་དྲག་ལ་ངོས་འཛིན་གསལ་པོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་བཟང་པོ་བྱེད་དགོས་ཞེས་བསྟན།

ཁོང་ཡུང་གིས་ས་གནས་ཁག་དང་སྡེ་ཁག་སོ་སོས་བསམ་བློའི་སྟེང་དོགས་ཟོན་ཆེན་པོ་བྱེད་པ་དང་བྱ་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ།  བྱེད་ཐབས་སྟེང་ཚན་རིག་དང་མཐུན་པར་གནད་འཕིགས་ཡོང་བར་བྱས་ནས། གོམ་གང་མདུན་སྤོས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་དམ་དང་གནས་ཡུལ་ཁག་ལ་ཞིབ་ཚགས་ཀྱིས་དོ་དམ་ལྟ་རྟོག་བྱེད་པ། སྨན་བཅོས་ལས་ཁུངས་ཀྱི་སྒྲིག་ལམ་ཚད་ལྡན་བཟོ་བ། འགོ་ཁུངས་ནས་རྒྱལ་ཁོངས་སུ་འགོས་པར་དོ་དམ་ཚོད་འཛིན་དང་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་རྒྱུན་མཐུད་ངང་སྤེལ་དགོས་ལ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ཏེ་བསམ་བློ་དང་བྱ་སྤྱོད། འགན་འཁྲི་བཅས་ཀྱི་ཐད་ལྕགས་རི་བརྟན་པོ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།