ཡུས་ཧྲུའུ་ཡི་ཞིང་ཕན་འགྲོ་གྲོན་རྩིས་སྤྲོད་ཤང་གྲོང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་མི་དམངས་དངུལ་ཁང་ཡུས་ཧྲུའུ་ཁུལ་ཡན་ལག་དངུལ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2015ལོའི་ཚུན་ལ། ཡུས་ཧྲུའུ་ཁུལ་ལྟེ་གནས་ཡན་ལག་དངུལ་ཁང་གིས་ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་སྡེ་ཁག་གི་སྣེ་ཁྲིད་དེ། ཉེན་སྲུང་ལས་རིགས་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་གནད་འཁེལ་དབུལ་སྐྱོར་ལ་རྒྱབ་སྐྱོར་དང་ཞིང་སྡེའི་དངུལ་རྩའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མུ་མཐུད་དུ་ཞིང་སྡེའི་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་སུ་ཁེབས་པ་དང་། ཐོབ་ཆོག་རང་བཞིན་དང་སྟབས་བདེ་རང་བཞིན་ལ་ལེགས་བཅོས་བྱས།  ལོ་ངོ5ཡི་རིང་། ཞིང་ཕན་འགྲོ་གྲོན་རྩིས་སྤྲོད་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ། སྲིད་འཛིན་སྡེ་བ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་སྟེ། དངུལ་རྩའི་དངུལ་ཁང་ཆུང་བའི་བྱེད་ནུས་དེ་མི་དམངས་ཁྲི34.26ལ་ཁྱབ་ཅིང་། དེས་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི77.86ཟིན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་ཡོད་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་ཆུས་གསུམ་དང་ཁུལ་གསུམ་གྱི་ཁྱོན་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གནད་སའི་གྲས་ཀྱི་གཅིག་ཡིན་ཞིང་། ཡུས་ཧྲུའུ་རོང་འབྲོག་ཁུལ་གྱི་དངུལ་རྩའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྗེས་སུ་ལུས་པ་ནི་དངུལ་རྩའི་དབུལ་སྐྱོར་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ཡིན་ཞིང་། 2015ལོའི་ཚུན་ལ། ཡུས་ཧྲུའུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་གིས་དངུལ་ཁང་གི་བྱང་བུས་ཞིང་ཕན་ཞབས་ཞུའི་འཛུགས་སྐྲུན་བྱེད་པ་དེ་འགག་གཏོར་སར་བཟུང་ནས། ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་མཐོར་འདེགས་བཟོ་སྐྲུན་སྤེལ་ཞིང་། ཁྱོན་བསྡོམས་དངུལ་སྒོར་ལེན་ས་དང་། དངུལ་སྒོར་བརྒྱུད་སྤྲོད་བྱེད་ས། གློག་རིན་དང་ཁ་པར་གྱི་བཤད་གླ་སྤྲོད་ས། ཁ་པར་དངུལ་ཁང་སོགས་རྒྱུན་སྤྱོད་བྱེད་ནུས15ལྡན་པའི་དངུལ་རྩའི་ཞབས་ཞུ་ས་ཚིགས111འཛུགས་སྐྲུན་བྱས་ཤིང་། ཞིང་ཕན་དངུལ་རྩའི་ཞབས་ཞུ་ས་ཚིགས་ཀྱི་དྲ་རྒྱའི་མ་ལག་དང་དངུལ་རྩའི་ཞབས་ཞུ་དེ་དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་དམངས་ཀྱི་ཡིད་རྟོན་བྱེད་སའི་དངུལ་རྩའི་དངུལ་ཁང་ཆུང་བར་གྱུར་ཡོད།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།