མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཁོར་སྐྱོད་འཕེལ་རྒྱས་རླབས་གཤག་སྒོས་མདུན་དུ་བསྐྱོད་པ།

“ལྔ་བཅུ་གསུམ”མཇུག་བསྡུ་བའི་ལོའི་དུས་མཚམས་སུ་འགྲེང་ནས་བལྟས་ན། རང་ཞིང་གི་འཁོར་སྐྱོད་ཞིང་ཕྱུགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་གཡུར་དུ་ཟ་བ་ཞིག་རེད།

དེ་ནི་དཀའ་སྤྱད་ཡར་བརྩོན་གྱི་ལོ་ལྔ་ཡིན་ཏེ། ཞིང་ཆེན་ཡོངས་ཀྱི་འདེབས་གསོ་ཟུང་འབྲེལ་དང་རྩྭ་ཕྱུགས་མཉམ་འགུལ་གཙོར་བྱས་པའི་འཁོར་སྐྱོད་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་དབྱིབས་གཞི་རྩའི་ཆ་ནས་ཆགས་པ་དང་། མང་ཚོགས་ཀྱི་འདེབས་འཛུགས་དང་གསོ་སྤེལ་མཉམ་འགུལ་གཙོ་བོ་ཡིན་པའི་འདེབས་གསོ་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་བརྩོན་སེམས་རབ་ཏུ་བརྟས།

དེ་ནི་ལག་ལེན་དོན་ཐོག་ཏུ་འཁྱོལ་བའི་ལོ་ལྔ་ཡིན་ཏེ། ང་ཚོས་འབྲུ་རིགས་བརྟན་བརླིང་དང་དཔལ་འབྱོར་ལོ་ཏོག་ལེགས་སྒྱུར། གཟན་ཆས་རྒྱ་བསྐྱེད་པ་བཅས་ཀྱི་གནས་ཚུལ་འོག ལོ་ཏོག་འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་དང་།གཟན་རྩྭ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཇེ་ཆེ། གཟན་རྩྭའི་སྤྱི་གྲངས་ཇེ་མང་བཅས་སུ་བཏང་ནས། གཟན་རྩྭ་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི7.66ལ་སླེབས་པ་དང་། བསྡུ་གསོག་བྱས་པའི་སྔོ་རྩྭའི་གཟན་ཆས་ཏུན་ཁྲི349.35ལ་སླེབས།

དེ་ནི་བབ་བསྟུན་འཕེལ་རྒྱས་ཀྱི་ལོ་ལྔ་ཡིན་ཏེ། ང་ཚོས“འདེབས་གསོ་ཟུང་འབྲེལ་དང་ཞིང་ཕྱུགས་ཕན་ཚུན་ཁ་གསབ། འཁོར་སྐྱོད་འཕེལ་རྒྱས”བཅས་ཀྱི་འཕེལ་རྒྱས་ལམ་ཕྱོགས་ལ་བརྟེན་ནས།ནོར་གནག་དང་བོད་ལུག་ཐོན་ལས། སྒོ་ཕྱུགས་དང་ཁྱིམ་བྱའི་བཙོག་ལུད་ཐོན་ཁུངས་ཅན་གྱི་བེད་སྤྱོད་འཁོར་སྐྱོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱས་ནས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་འཁོར་རྒྱུག་ལེགས་པོ་བྱེད་པར་སྐུལ་འདེད་བྱས་ལ། སྐྱེ་ཁམས་ལྗང་མདོག་ཞིང་ཕྱུགས་ལས་འཁོར་སྐྱོད་དཔལ་འབྱོར་སྤུས་དག་ངང་འཕེལ་རྒྱས་འགྲོ་བའི་གོམ་འགྲོས་ཇེ་མགྱོགས་སུ་བཏང་།

གཟན་རྩྭ་ཐོན་ལས་ཀྱིས་ཕྱུགས་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བར་སྐུལ་འདེད་བྱས།

རང་ཞིང་ལ་མཚོ་བོད་མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་དང་ས་གཤིས་ཞན་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས།ཞིང་ས་ཕལ་ཆེ་བར་འབྲུ་རིགས་ཐོན་སྐྱེད་དང་ཕྱུགས་ལས་གཙོ་བོ་རང་བྱུང་རྩྭ་སར་བརྟེན་ཡོད་པ་དང་། གཟན་རྩྭའི་ཐོན་ཁུངས་ཉུང་བ་བཅས་ཀྱིས་མཐོ་སྒང་གི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཚོད་འཛིན་ཚབས་ཆེན་ཐེབས་ཀྱི་ཡོད།

“ལྔ་བཅུ་གསུམ”གྱི་ཚུན་དུ། རང་ཞིང་གིས་ཤར་རྒྱུད་ཞིང་ལས་ཁུལ་གྱི་འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གནད་དེ་དམ་འཛིན་བྱས་ཏེ། རྩྭའི་ཐོན་ལས་འཕེལ་རྒྱས་གཏོང་བ་མགོ་རྩོམ་ས་བྱས་ནས།ས་གཤིས་ཞན་པའི་ཞིང་ས་དང་རྨོ་བསྐྱུར་ཞིང་ས། ས་རྒོད་བཅས་ལེགས་པར་བེད་སྤྱད་དེ་གཟན་རྩྭ་འདེབས་འཛུགས་ཤུགས་ཆེན་པོས་ཁྱབ་གདལ་བཏང་སྟེ།གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་དང་། སྒྲིག་ཆས་ཆ་སྡེབ་གཟན་གསོ་བྱས་ཏེ། གསོ་སྤེལ་ར་བ་དང་གསོ་སྤེལ་རྟེན་གཞིའི་ཁྱབ་ཆུང་བའི་འཁོར་སྐྱོད་བྱེད་སྟངས་བཙུགས།

འདེབས་གསོ་ཟུང་འབྲེལ་དང་རྩྭ་ཕྱུགས་མཉམ་འགུལ་བྱས་ཏེ། རྩྭའི་ཐོན་ལས་དེ་འཁོར་སྐྱོད་ཕྱུགས་ལས་ལ་སྣེ་ཁྲིད་བྱེད་པའི་མགོ་རྩོམ་སའི་རྨང་གཞིའི་བཟོ་འགོད་དུ་འཛིན་པ་དང་། གཟན་རྩྭའི་ཕྱུགས་ལས་འཕེལ་རྒྱས་ལ་བརྟེན་ནས་མཐོ་སྒང་གི་ནོར་གནག་སོགས་ཁྱད་ལྡན་ཐོན་ལས་ཅན་གྱི་ཚོགས་པ་བསྐྲུན་པས། “ཆུས་གསུམ་གླིང་གསུམ”མངའ་ཁོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་རོགས་ཤུགས་བཏོན་པར་མ་ཟད། འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག གཟན་རྩྭའི་བསྡུར་ཚད་སྔར་ལས་མཐུན་སྦྱོར་བྱས་ཤིང་། འབྲུ་རིགས་བདེ་འཇགས་འགན་སྲུང་དང་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་སྤེལ་བཏང་།

2019ལོའི་ལོ་མཇུག་ལ་སླེབས་དུས། ཞིང་ཆེན་ཡོངས་ཀྱི་གཟན་རྩྭ་སོན་བཟང་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ས་མུའུ་ཁྲི18.4(སྤྱི་ཆིང་ཁྲི1.23)ལ་སླེབས་པ་དང་མིས་བཟོས་རྩྭ་སའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ས་མུའུ་ཁྲི779(སྤྱི་ཆིང་ཁྲི51.93)ལ་སླེབས། དེ2010ལོ་དང་བསྡུར་ན་སོ་སོར་ས་མུའུ་ཁྲི8.62(སྤྱི་ཆིང་ཁྲི0.58)དང་ས་མུའུ་ཁྲི314(སྤྱི་ཆིང་ཁྲི20.93)འཕར་བ་དང་། ལོ་རེར་གཟན་རྩྭ་སྤྱི་རྒྱ་དུང་ཕྱུར42.46ཐོན་སྐྱེད་བྱས། གཟན་ཆས་ལས་སྣོན་ཁེ་ལས50གསོ་སྐྱོང་བྱས་ཤིང་། ལོ་རེར་གཟན་ཆས་ཏུན་ཁྲི46.6ཐོན་སྐྱེད་བྱས། གཟན་རྩྭ་ལས་སྣོན་ཁེ་ལས13གསོ་སྐྱོང་བྱས་ཏེ་ལོ་རེར་གཟན་རྩྭ་ཏུན་ཁྲི15ལས་སྣོན་བྱས་ལ། སྔོ་གཟན་ཉར་ས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི133.85བསྐྲུན་ཞིང་སྔོ་རྩྭ་གཟན་ཆས་ཏུན་ཁྲི44.25གསོག་འཇོག་བྱས། ཞིང་ལས་ལོ་ཏོག་གི་སོག་མ་ཏུན་ཁྲི70.7བེད་སྤྱོད་དང་ལས་སྣོན་བྱས་ཏེ་སོག་མའི་བེད་སྤྱོད་ཚད50%ཡན་ལ་སླེབས། མང་ཚོགས་ཀྱི་གཟན་རྩྭ་འདེབས་འཛུགས་རང་འདེབས་རང་གསོ་བྱེད་པ་གཙོར་བཟུང་བའི་འཁོར་སྐྱོད་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་སྤྲོ་སེམས་དང་བརྩོན་སེམས་ཆེས་ཆེར་བརྟས།

འདེབས་གསོ་དང་ལས་སྣོན་གཞི་གཅིག་ཅན་གྱིས་ཕྱུགས་ལས་རིགས་བསྒྱུར་རིམ་སྤར་བྱས།

གཟན་རྩྭ་རྟེན་གཞི་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སོགས་རྨང་གཞིའི་ཐོན་ལས་ལ་ཚད་ངེས་ཅན་གྱི་འཕེལ་རྒྱས་བྱུང་བའི་དུས་མཉམ་དུ། གཟན་རྩྭ་འདེབས་འཛུགས་དང་གསོ་སྤེལ་གཉིས་བར་ལ་འབྲེལ་མཐུད་ནུས་ལྡན་ཇི་ལྟར་བྱུང་བ་དང་། གཟན་རྩྭ་མཁོ་འདོན་དང་གསོ་སྤེལ་གཟན་རྩྭ་བེད་སྤྱོད་ལ་ཆེས་ལེགས་པའི་ཟུང་འབྲེལ་ཇི་ལྟར་མངོན་འགྱུར་འབྱུང་དུ་འཇུག་པ་དེ་ནི་འཁོར་སྐྱོད་ཕྱུགས་ལས་འཕེལ་རྒྱས་ཐད་ངེས་པར་ཐག་གཅོད་དགོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད།

ལོ་ལྔའི་རིང་ལ། རང་ཞིང་གིས་ཕྱུགས་ལས་མཁོ་འདོན་ཐད་ཀྱི་བཅོས་བསྒྱུར་གཙོ་གནད་འདིར་དམ་པོར་དམིགས་ཏེ། རྩྭ་འདེབས་ཕྱུགས་སྐྱོང་དང་ཕྱུགས་ལ་བརྟེན་ནས་རྩྭ་གསོ་བའི་མཁོ་འདོན་དོ་སྙོམས་ཀྱི་ཚོད་ལྟ་བྱེད་གནས་ཤུགས་ཆེན་པོས་སྐུལ་སྤེལ་བཏང་ཞིང་། ནུས་ལྡན་མཁོ་འདོན་ནུས་པ་མཐོར་འདེགས་སུ་བཏང་ལ། ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ས་ཆུ་དྲོད་གྲང་སྙོམས་པའི་ཞིང་ལས་ཁུལ་དུ་མ་རྨོས་ལོ་ཏོག་འདེབས་འཛུགས་དང་ལས་སྣོན་དང་སྔོ་རྩྭ་གསོག་ཉར། དེ་མིན་ཆེད་ལས་སྡེབ་སྐྱེལ་གཙོ་བྱས་པའི་ཐོན་ལས་དཔེ་དབྱིབས་རགས་ཙམ་གྲུབ་པར་མ་ཟད། ཧོང་ཀྲུང་དང་ཧོང་ཡོན། ཧུའུ་ཀྲུའུ། ཏ་ཐུན་སོགས་ཞིང་ཕྱུགས་བསྣོལ་འདྲེས་ཁུལ་དང་།ཤར་རྒྱུད་ཀྱི་རི་མ་ས་ཁུལ་དུ་གསོ་སྤེལ་སྡེ་ཁུལ་དང་འདེབས་འཛུགས་ཁྱིམ་ཆེན་གྱིས་མཐའ་འཁོར་དུ་བསྐྱུར་བའི་ས་ཞིང་རྒྱུན་འཁོར་བྱེད་པ་དང་། གཟན་སྤྱོད་མ་རྨོས་ལོ་ཏོག་དང་ཡུག་པོ། གྲོ་ནག་འདེབས་འཛུགས་བྱེད་པ། ལས་སྣོན་གསོག་ཉར་དང་གཟན་རྩྭ་རང་ཐོན་རང་སྤྱོད་བྱེད་པའི་ཁྱིམ་ཚང་ཕྱུགས་རའི་དཔེ་དབྱིབས་ཤིག་ཀྱང་ཆགས་མགོ་ཚུགས་ཡོད།

དུས་མཚུངས་སུ། ཁུལ་སོ་སོའི་འབྲོག་ཁུལ་གྱི་འདེབས་འཛུགས་ལ་འཚམ་པའི་ས་ཞིང་འཁོར་སྐྱོད་ལ་བརྟེན་ནས་ཡུག་པོ་དང་གྲོ་ནག་སོགས་གཟན་རྩྭ་འདེབས་འཛུགས་བྱེད་པ་དང་། བསྡམ་བཀྱིག་འཕྲུལ་ཆས་ཀྱིས་ལེགས་པོར་བཀྱིག་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་དང་གསོ་སྤེལ་ཁྱིམ་ཆེན་ལ་ཕྱིར་འཚོང་བྱེད་པའི་ཆེད་ལས་དཔེ་དབྱིབས་ཤིག་གྲུབ་ཅིང་། རྒྱ་ཆེའི་མང་ཚོགས་ཀྱིས་འདེབས་གསོ་ཟུང་འབྲེལ་གྱི་འཁོར་སྐྱོད་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་ཁེ་བཟང་རག་ལ། རྩྭ་ཕྱུགས་མཉམ་འགུལ་གྱི་འཕེལ་རྒྱས་གོམ་འགྲོས་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་། “ཕྱུགས་རྩྭ(འབྲུ་རིགས)ཐོན་སྐྱེད—གཟན་རྩྭ་ལས་སྣོན—ཕྱུགས་ཟོག་གསོ་སྤེལ—ཕྱུགས་ལུད་བཀོལ་སྤྱོད་དང་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད—ཕྱུགས་རྩྭ(འབྲུ་རིགས)ཐོན་སྐྱེད”ཀྱི་རྩྭ་ཕྱུགས་མཉམ་འགུལ་གྱི་ཕན་འབྲས་མཐོ་བའི་འཁོར་སྐྱོད་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཤིག་གྲུབ་སྟེ་ཁྱབ་གདལ་དུ་ཉེར་སྤྱོད་བྱེད་བཞིན་ཡོད།

ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་བརྟེན་ནས་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ལ་རོགས་འདེགས་བྱས།

རང་རྒྱལ་གྱི་འབྲོག་ཁུལ་ཆེ་ཤོས་ལྔའི་ཁྲོད་ཀྱི་གཅིག་ཡིན་པའི་མཚོ་སྔོན་ལ་མཚོན་ན། གསོ་སྤེལ་ལས་རིགས་ཀྱིས་རང་ཞིང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད་མོད། ཡིན་ན་ཡང་སྒོ་ཕྱུགས་དང་ཁྱིམ་བྱའི་བཙོག་ལུད་ནི་ཞིང་ལས་ཐད་སྦགས་བཙོག་བཟོ་བའི་འབྱུང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད། སྒོ་ཕྱུགས་དང་ཁྱིམ་བྱའི་བཙོག་ལུད་དེ་ལྗང་མདོག་ཅན་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བྱེད་པ་དེ་ནི་རང་ཞིང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་ཐབས་ལྗང་མདོག་འཁོར་སྐྱོད་ལ་འགྱུར་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གནད་འགག་ལྷུ་ཚིགས་ཤིག་ཏུ་གྱུར་ཡོད།

“ལྔ་བཅུ་གསུམ”གྱི་ཚུན་དུ། རང་ཞིང་གིས་ཕྱུགས་རིགས་མི་གཅིག་པ་དང་དཔེ་དབྱིབས་མི་གཅིག་པ། བཟོ་རྩལ་མི་གཅིག་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་བཙོག་ལུད་ཕྱོགས་བསྡུས་ལས་སྣོན་ལག་རྩལ་འཚོལ་ཞིབ་བྱས་ཏེ། “གསོ་སྤེལ→སྐྱེ་ལྡན་ལུད་རྫས་ཐོན་སྐྱེད→འདེབས་འཛུགས→གསོ་སྤེལ”བཅས་ཀྱི་འཁོར་རྒྱུག་ལེགས་པོའི་ཐོན་ལས་སྦྲེལ་ཐག་ཅིག་བཙུགས་ཤིང་། རང་ཞིང་དུ་ཁྱབ་གདལ་གཏོང་བར་འཚམ་པའི་སྲ་གཟུགས་བཤང་གཅི་གཅིག་བསྡུས་ལས་སྣོན་བེད་སྤྱོད་དང་།བཙོག་ལུད་ཡོད་ཚད་གཅིག་ཏུ་བསྡུས་ནས་ལས་སྣོན་བྱེད་པ། ཆུ་ལུད་གཞི་གཅིག་ཅན། བཤང་གཅི་བསྐྱར་དུ་བེད་སྤྱོད་གཏོང་བའི་བཙོག་ལུད་ལས་སྣོན་བཀོལ་སྤྱོད་དཔེ་དབྱིབས་རིགས4གཏན་འཁེལ་བྱས་པར་མ་ཟད། ཞིང་ཆེན་ཡོངས་སུ་བལྟོས་བཅས་ཀྱིས་གསོ་སྤེལ་ཅུང་གཅིག་བསྡུས་ཡིན་པའི་ས་ཁོངས་སུ་ཁྱབ་གདལ་བཏང་སྟེ། སྒོ་ཕྱུགས་དང་ཁྱིམ་བྱའི་བཙོག་ལུད་ལས་སྣོན་དང་བཀོལ་སྤྱོད་འཛུགས་སྐྲུན་གྱི་ཉམས་མྱོང་སྔར་བས་ཕུན་སུམ་ཚོགས་པར་བཏང་།

དེ་ལས་གཞན། ཞིང་ལས་པུའུ་ཡི་ལྗང་མདོག་དཔེ་སྟོན་རྫོང་གསར་འཛུགས་བྱ་འགུལ་གྱི་བླང་བྱ་ལྟར། ཟི་ལིང་དང་མཚོ་ཤར་གཙོ་གནད་དུ་བཟུང་སྟེ། བཀག་གསོ་ཁུལ་དང་ཚད་བཀག་གསོ་ཁུལ་གྱི་བྱེད་ནུས་ས་ཁོངས་བགོ་མགོ་བརྩམས་པ་དང་། ཚན་རིག་དང་མཐུན་པར་འཆར་འགོད་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ། སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་སྒྲིག་ཆས་སྒྲིག་བཀོད་དང་འཛུགས་སྐྲུན་བྱེད་པ། ཐོན་ཁུངས་བེད་སྤྱོད་གྲོན་ཆུང་ཅན་དང་ཐོན་སྐྱེད་གོ་རིམ་གཙང་དག་ཅན། སྙིགས་རོ་བེད་སྤྱོད་ཐོན་ཁུངས་ཅན་སོགས་སྐྱེ་ཁམས་འཁོར་སྐྱོད་དཔེ་དབྱིབས་ཧུར་ཐག་གིས་འཕེལ་རྒྱས་བཏང་སྟེ། ཞིང་ཕྱུགས་ཐོན་ཁུངས་བེད་སྤྱོད་ཀྱི“འཁོར་སྐྱོད་ཆེན་མོ”གེགས་མེད་འབྱུང་བར་བྱེད་དགོས།

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཐིང་ཀྲང་གཞོན་པ་མ་ཆིང་ཏི་ཡིས་བཤད་རྒྱུར། མཚོ་སྔོན་ལ་ཁྱད་དུ་འཕགས་པའི་ཞིང་ཕྱུགས་ཟུང་འབྲེལ་དང་རྩྭ་ཕྱུགས་ཟུང་འབྲེལ་གྱི་རང་བྱུང་ཆ་རྐྱེན་དང་འདེབས་གསོ་འཁོར་སྐྱོད་ཀྱི་སྲོལ་རྒྱུན་ལེགས་པོ་ཞིག་ཡོད་ལ། ཁྱད་པར་དུ་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་ནི་མཚོ་སྔོན་གྱི་དགེ་མཚན་ལྡན་པའི་ཐོན་ལས་དང་དམངས་འཚོའི་ཐོན་ལས་ཡིན་པའི་ཆ་ནས། ལྗང་མདོག་སྐྱེ་ལྡན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན། རྩྭ་ལེགས་པར་གསོ་བ་དང་ནོར་ལེགས་པར་གསོ་བ་ནི་རང་ཞིང་གི་ཁྱད་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་གཞི་རྩའི་ཐུན་མོང་ངོས་འཛིན་ཞིག་ཡིན། གཟན་ཆས་ཕུན་སུམ་ཚོགས་པ་དང་ལུགས་མཐུན་གྱིས་གཟན་ཆས་སྟེར་བ། སྒོ་ཕྱུགས་དང་ཁྱིམ་བྱའི་འདོར་སྙིགས་ལུགས་མཐུན་སྒོས་བེད་སྤྱད་ཚེ། ད་གཟོད་ནོར་ལུག་ལ་ཤ་ཤེད་རྒྱས་ཤིང་སྐྱེ་ཁམས་དོ་མཉམ་ཡོང་ཐུབ།

“ལྔ་བཅུ་གསུམ”ལ་ཕྱིར་བལྟ་དང“ལྔ་བཅུ་བཞི”ལ་རྒྱང་ལྟ་བྱས་ཏེ། མཚོ་སྔོན་གྱི་འཁོར་སྐྱོད་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱིས་མུ་མཐུད་དུ་རླབས་གཤག་སྒོས་མདུན་དུ་བསྐྱོད་དེ། རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ནུས་པ་འདོད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།