མཚོ་སྔོན་གྱི་ལས་ཞུགས་དབུལ་སྐྱོར་གྱི“སྐྱོན་སེལ་ཆད་སྐོང་”ཆེད་དོན་བྱ་སྤྱོད་ལས་དབུལ་ཕོངས་ངལ་རྩོལ་པ་ཁྲི17.8ལས་ཞུགས་ཐུབ་པ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་བྱེད་སྒོའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་བརྟག་དཔྱད་མཐིལ་རྟོགས་དང་། ནུས་རྩལ་གསོ་སྦྱོང་། ལས་ཞུགས་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་ཞུགས་དབུལ་སྐྱོར་གྱི་ལས་དོན་ཁག་དོན་འཁྱོལ་བྱེད་པར་ནན་གྱིས་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་ལས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ངལ་རྩོལ་པ་ལས་ཞུགས་བྱས་པའི་གཞི་ཁྱོན་མི་ཁྲི17.8ལ་སླེབས་ཡོད།

མཚོ་སྔོན་གྱིས་ལས་ཞུགས་དབུལ་སྐྱོར་ལས་དོན་ནི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྤྱིའི་ལས་འགན་གྱི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་ནང་བཅུག་ནས་ལས་ཞུགས་དབུལ་སྐྱོར་གྱི་ལས་འགན་གཙོ་བོ་ཁ་གསལ་བཟོས་པ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་དུད་ཚང་དང་མཐའ་མཚམས་དུད་ཚང་གི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་བྱས་ཚུལ་མཐིལ་རྟོགས་བྱས་ཏེ། དབུལ་ཕོངས་ངལ་རྩོལ་པ་ལས་ཞུགས་གནས་ཚུལ་གྱི་གསལ་ཐོ་དང་ཕྱིར་སྐྱོད་འདོད་ཡོད་པའི་གསལ་ཐོ་བཟོས་ནས། དབུལ་ཕོངས་ངལ་རྩོལ་པ་ཕྱིར་སྐྱོད་ལས་ཞུགས་དང་རྩོལ་ལས་གནས་ཚུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། མི་གྲངས་མཐིལ་རྟོགས་དང་། ངལ་རྩོལ་ཤུགས་ཤུགས་རྟོགས་པ། ཕྱིར་སྐྱོད་རེ་འདོད་རྟོགས་པ། ལས་ཞུགས་གནས་བབ་རྟོགས་པ་བཅས་བྱས། 

སྲིད་ཇུས་སྐྱེལ་བ་དང་ལས་གནས་སྐྱེལ་བ། ཁ་གསབ་སྤྲོད་པ། གསོ་སྦྱོང་བྱེད་པ་བཅས་ཀྱི་སྐྱེལ་བ་བཞིའི་བྱེད་སྒོ་སྣེ་ཁྲིད་དུ་བྱས་ནས“དཔྱིད་རླུང་བྱེད་སྒོ”དང་། “ལས་ཞུགས་རོགས་སྐྱོར་ཟླ་བ”། “ཉིན་བརྒྱའི་དྲ་སྟེང་ལས་ཞུགས་གདན་ཞུ།” ཡུལ་སྤོས་ལས་ཞུགས་རོགས་སྐྱོར་སོགས་དྲ་ཐོག་དང་དྲ་ཕྱིའི་ལས་ཞུགས་ཞབས་ཞུ་ཤང་གྲོང་དང་གྲོང་ཚོ་བར་རྒྱ་བསྐྱེད་དེ་མང་ཚོགས་དང་ཉེ་བར་བཅར་ནས་ལས་ཞུགས་རོགས་སྐྱོར་བྱས་པ་དང་། བསྡོམས་རྩིས་བྱས་ན་ལོ་ཧྲིལ་པོར་ཆེད་དོན་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས300ལྷག་ཙམ་སྤེལ་བ་དང་། མི་ཐེངས་ཁྲི80ཙམ་ལ་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས། དུས་མཚུངས་ལས་རིགས་ནུས་རྩལ་མཐོར་འདེགས་གཏོང་བའི་བྱེད་སྒོ་ཤུགས་ཆེན་པོས་སྤེལ་ནས་ངལ་རྩོལ་ནུས་པ་དང་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་དབུལ་ཕོངས་ངལ་རྩོལ་པ“གསོ་སྐྱོང་བྱེད་དགོས་པ་ཚང་མར་གསོ་སྦྱོང་”བྱས། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དབུལ་ཕོངས་ངལ་རྩོལ་པ་མི་ཐེངས9502ལ་ནུས་རྩལ་གསོ་སྦྱོང་རྩ་འཛུགས་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།