མཚོ་སྔོན་ཞིང་ཆེན་དང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་མཁའ་དབུགས་སྲུང་སྐྱོང་བྱ་བ་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དྲོད་རླངས་སྤྱོད་འགོ་བརྩམས་པའི་རིང་ལ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། དུས་ཐོག་ཏུ《དྲོད་རླངས་གཏོང་བའི་དུས་ཚིགས་སུ་མཁའ་དབུགས་འབག་བཙོག་འགོག་བཅོས་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། དམིགས་གཏད་ཡོད་པའི་སྒོ་ནས་འབག་བཙོག་འགོག་བཅོས་ཚོད་འཛིན་ལ་ཤུགས་བསྣོན་དང་། རྡོ་སོལ་གྱི་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ། འབག་བཙོག་ཕྱིར་གཏོང་ལྟ་སྐུལ་དོ་དམ་དང་ཁེ་ལས་འབག་བཙོག་དོ་དམ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་མཉམ་སྤྱོད་དོན་འཁྱོལ་བྱས། དེའི་ཁྲོད། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་སོ་སོས་བྱེད་ཐབས་གཏན་འཁེལ་དང་། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། འགན་འཁྲི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། དགུན་དུས་དྲོད་རླངས་ཀྱི་མཁའ་དབུགས་འབག་བཙོག་འགོག་བཅོས་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། 

མཁའ་དབུགས་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣོན་དང་གནད་འཁེལ་འབག་བཙོག་འགོག་བཅོས་དང་། མཁའ་དབུགས་སྤུས་ཚད་ལྟ་སྐུལ་ཚད་ལེན་བསྡོམས་རྩིས། གཟའ་འཁོར་རེའི་དབྱེ་ཞིབ། ཟླ་རེའི་སྤྱི་བསྡོམས་ཀྱི་དབྱེ་ཞིབ་བྱ་བའི་སྒྲིག་སྲོལ་སྒྲིག་འཛུགས་བྱས་ནས། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཐེངས་མང་པོར་མི་སྣ་མངགས་ཏེ་ལས་འགན་ལྕི་བའི་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཡུལ་དངོས་མཛུབ་སྟོན་བྱས་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་མཁའ་དབུགས་འབག་བཙོག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གཅིག་བསྡུས་སྒོས་གདན་དྲངས་ནས་བགྲོ་གླེང་དང་ཡུལ་དངོས་མཛུབ་སྟོན་བྱས་ཏེ། བསམ་བློ་དང་བྱེད་ཐབས་ཤུགས་དྲག་ཏུ་བཏང་། ཟི་ལིང་གྲོང་ཁྱེར་གྱིས་ཆེད་མཁས་ཚོགས་པ་གདན་དྲངས་ནས་ཡུལ་དངོས་ཞབས་ཞུ་སྤེལ་བ་དང་། ད་ཡོད་ཀྱི་མཁའ་དབུགས་ཁོར་ཡུག་དྲ་རྒྱ་ཅན་གྱི་ལྟ་སྐུལ་ཚད་ལེན་དོ་དམ་མ་ལག་གཅིག་བསྡུས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་དོ་དམ་ཚོད་འཛིན་བྱེད་ཐབས་གཏན་འཁེལ་བྱས་ནས་གནད་འཁེལ་འབག་བཙོག་འགོག་བཅོས་མངོན་འགྱུར་བྱུང་།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།