མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྐད་གཉིས་གཏུག་བཤེར་ལ་སྐུལ་འདེད་ཆེན་པོ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང(གཤམ་དུ“མཚོ་སྔོན་མཐོ་རིམ་ཁྲིམས་ཁང”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཁྲིམས་ཁང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དོན་དངོས་གཞིར་བཟུང་སྟེ། སྐད་གཉིས་གཏུག་བཤེར་ཁྱབ་གདལ་དང་ཁྱབ་སྤེལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། བོད་དང་སོག་པོ་སོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་གང་ལེགས་བྱས་ཡོད། སྤྱི་ལོ2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་སྐད་གཉིས་སྤྱད་ནས་གྱོད་དོན1960ལྷག་ཞིབ་གཅོད་བྱས།

图为12月18日都兰法院庭审现场。 青海省高级人民法院供图

ཟླ12བའི་ཚེས18ཉིན་ཏུའུ་ལན་རྫོང་ཁྲིམས་ཁང་གི་ཞིབ་གཅོད་ཡུལ་དངོས།

མཚོ་སྔོན་ཞིང་ཆེན་དུ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱས་པའི་གྲངས་ཉུང་མི་རིགས་ལ་གཙོ་བོ་བོད་རིགས་དང་ཧུའེ་རིགས། ཧོར་རིགས། ས་ལར་རིགས་དང་སོག་རིགས་བཅས་ཡོད། མཚོ་སྔོན་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ལྔ་ལ་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཤིང་། སྔ་གཞུག་ཏུ་རང་སྐྱོང་ཁུལ་དྲུག་དང་རང་སྐྱོང་རྫོང་བདུན་བཙུགས་ཡོད་པ་དང་། དེའི་ཁྲོད་བོད་རིགས་རང་སྐྱོང་ཁུལ་ལྔ་དང་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཅིག་བཅས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་མུ་མཐུད་དུ་སྐད་གཉིས་འདྲི་གཅོད་དང་གཏུག་བཤེར་ཞབས་ཞུ་ཁྱབ་གདལ་ཤུགས་ཆེན་གཏང་རྒྱུ་ཡིན་པ་རེད། མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་འདུམ་འགྲིག་དང་ཁྲིམས་སའི་འདྲི་གཅོད་ཁྲོད་སྐད་གཉིས་ཁྲིམས་དཔོན་ནམ་ལོ་ཙཱ་སོགས་ཁྲིམས་འཛིན་རམ་འདེགས་མི་སྣ་བཀོད་སྒྲིག་བྱས་ཏེ། ཁྲིམས་སའི་འདྲི་གཅོད་ལ་སྐད་གཉིས(རྒྱ་བོད་དང་རྒྱ་སོག)སྒོས་དུས་གཅིག་ཏུ་སྒྲ་བསྒྱུར་ལག་བསྟར་བྱས་ཏེ། ཁྲིམས་གཅོད་ཡིག་ཆ་སྐད་གཉིས་ནས་བཟོས་ཤིང་དྲ་ཐོག་ནས་ཡོངས་བསྒྲགས་བྱས། དུས་མཚུངས་སུ་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་དུ་གཅིག་གྱུར་གྱི་སྐད་གཉིས(རྒྱ་བོད་དང་རྒྱ་སོག)མཚོན་རྟགས་བཀོལ་ཡོད་པ་དང་། སྐད་གཉིས་ཀྱི་གཏུག་བཤེར་ཞབས་ཞུའི་ལག་དེབ་པར་དུ་བསྐྲུན་ལ། གཏུག་བཤེར་བྱེད་ས་དང་གྱོད་གཞི་ཐོ་འགོད་བྱེད་སར་སྐད་གཉིས་ཀྱི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཡོད།

མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་རང་བརྟེན་གསར་སྤེལ་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཡིག་ཆ་ཕན་ཚུན་ཡིག་སྒྱུར་མ་ལག་དེ་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཁང་དང་ཞིང་ཆེན་ཕྱིའི་ཁྲིམས་ཁང་ཁ་ཤས་སུ་ཁྱབ་གདལ་བཏང་ཡོད། པད་མ་རྫོང་ཁྲིམས་ཁང་གིས་ཐོག་མར་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་དུ་རྒྱ་བོད་སྐད་ཡིག་གཉིས་ཀྱི་གཏུག་བཤེར་ཕྱོགས་སྟོན་འཕྲུལ་ཆས་དང་སྐད་གཉིས་ཀྱི་ཡིག་ཕབ་འཕྲུལ་ཆས་བཀོད་སྒྲིག་བྱས་ཡོད།

མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས《རྒྱ་བོད་སྐད་གཉིས་ཀྱི་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད།》རྩོམ་སྒྲིག་བྱས་པ་དང་། 《ཁྲིམས་གཅོད་ཡིག་ཆའི་རྣམ་པ་རྒྱ་བོད་གཤིབ་བསྡུར་མ།》རྩོམ་སྒྱུར་བྱས་པས་བོད་རིགས་ས་ཁུལ་གྱི་གྱོད་གཞི་སྒྲུབ་གཉེར་ཁྲིམས་དཔོན་དང་གྲངས་ཉུང་མི་རིགས་གཏུག་བཤེར་དོ་བདག་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ད་དུང《དམངས་དོན་ཁྲིམས་གཞུང་།》རྒྱ་བོད་གཤིབ་བསྡུར་མ་སྒྱུར་སྒྲིག་བྱས་ཡོད།

གཞན་ཡང་མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་བསྟུད་མར་ལོ་བཅུ་གཉིས་ལ་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་སྤེལ་བ་དང་། ཁྱོན་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་མི730ལྷག་གསོ་སྐྱོང་བྱས་ཏེ། ཀན་སུའུ་ཁྲིམས་ཁང་ལ་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་མི100ལྷག་ཙམ་གསོ་སྦྱོང་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ39ཡི་འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་དུ་ཁྲིམས་ཁང་རེ་རེར་ཉུང་མཐའ་ཡང་སྐད་གཉིས་ཁྲིམས་དཔོན2ཡོད་པ་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཁང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་ཤེས་པའི་ཁྲིམས་དཔོན63དང་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་ཤེས་ལྡན་མི་སྣ96ཡོད་པ་རེད།

མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་མཚོ་སྔོན་གསོ་སྦྱོང་རྟེན་གཞི་བཙུགས་ཡོད། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་མཐོ་སློབ་དང་མཉམ་ལས་གྲོས་མཐུན་བཞག་ནས་སྐད་གཉིས་ཤེས་ལྡན་མི་སྣའི་དངོས་སྦྱོང་རྟེན་གཞི་བཙུགས་ཏེ་བོད་རིགས་མང་ཚོགས་ཀྱིས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

ཟླ12བའི་ཚེས18ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་ཁྲིམས་ཁང་གི་སྐད་གཉིས་ཁྲིམས་དཔོན་གྱིས་རྒྱ་བོད་སྐད་གཉིས་བེད་སྤྱད་ནས་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་གྱོད་གཞི་ཞིག་ཞིབ་གཅོད་བྱས། དེའི་ནང་ཁྲིམས་ར་ནས་སོག་སྐད་སྤྱད་དེ་གཏུག་བཤེར་དབང་ཆ་དང་འོས་འགན་གསལ་བཤད་བྱས་པ་མ་ཟད། ཁྲིམས་ར་ནས་བརྟག་དཔྱད་དང་ཁྲིམས་རྩོད། མཐའ་མའི་གསལ་བཤད་སོགས་ཀྱི་ལས་རིམ་ཧྲིལ་པོར་སོག་སྐད་སྤྱད་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།