མཚོ་བོད་ཚན་ཞིབ་ཀྱི་ཨེ་ཤ་ཡའི་ཆུ་ལྕོག་གི་ཆུའི་གསོག་ཚད་ཐོག་མར་ཚོད་རྩིས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨེ་ཤེ་ཡའི་ཆུ་ལྕོག་གིས་ཡང་སྙིང་ཆུ་ག་ཚོད་གསོག་ཡོད་དམ། ཚེས21ཉིན་གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་སའོ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞིབ་འཇུག་རུ་ཁག་གི་ཐོག་མའི་ཚོད་རྩིས་ལྟར་ན། ཨེ་ཤེ་ཡའི་ཆུ་ལྕོག་ཁྲོད་ཀྱི་འཁྱགས་རོམ་གསོག་ཚད་དང་། མཚེའུའི་ཆུ་ཚད། ཆུ་བོ་གཙོ་བོའི་རི་མདོར་བཞུར་ཚད་བཅས་ཀྱི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི9ལྷག་ཟིན་ཡོད། 

མཚོ་བོད་མཐོ་སྒང་དང་དེའི་ཉེ་འཁོར་གྱི་རི་མཐོའི་ས་ཁུལ་ལ་སའི་གོ་ལའི་མཐའ་སྣེ་གསུམ་པ་ཞེས་བརྗོད་ཅིང་། དེ་ནི་ཨེ་ཤེ་ཡའི་ཆུ་བོ་དང་གཙང་པོ་ཆེ་གྲས་བཅུ་ལྷག་གི་འབྱུང་གནས་ཡིན་པས་ཨེ་ཤེ་ཡའི་ཆུ་ལྕོག་ཅེས་བརྗོད་ཀྱིན་ཡོད། མཐའ་སྣེ་གསུམ་པའི་ས་ཁུལ་གྱི་འཁྱགས་རོམ་དང་། གངས་རི། མཚེའུ། ཆུ་བོ་སོགས་ནི་ཨེ་ཤེ་ཡའི་ཆུ་ལྕོག་གི་གྲུབ་ཆ་གཙོ་བོ་ཡིན། དེའི་ནང་འཁྱགས་རོམ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི10ཙམ་དང་། ལོ་མང་གངས་རོམ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི30ཙམ། ལོ་མང་འཁྱགས་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི130ཙམ། མཚེའུ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི5ཙམ་བཅས་ཡོད།  

མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་མཚོ་དང་མཚེའུ་ཁྱབ་ཚད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1ལས་བརྒལ་བའི་མཚེའུ1200ཙམ་ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ50ལས་བརྒལ་བའི་མཚེའུ་ལ་དངོས་སུ་ཚད་ལེན་བྱས་པར་གཞིགས་ནས། ཞིབ་འཇུག་མི་སྣས་མཚོ་བོད་མཐོ་སྒང་གི་མཚོ་དང་མཚེའུའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་8150ཙམ་ཚོད་རྩིས་བྱས་ཡོད། 

ཞིབ་འཇུག་ཚོགས་པས་ད་དུང་མཚོ་བོད་མཐོ་སྒང་ནས་ཐོན་པའི་ཆུ་བོ་གཙོ་བོའི་རི་མདོར་བཞུར་རྒྱུན་ལ་ཚོད་རྩིས་བྱས། 2018ལོའི་ལྟ་ཞིབ་ཚད་ལེན་དང་རྒྱང་ཚོར་ཚོད་རྩིས་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྨ་ཆུ་དང་འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ། ཆུ་བོ་གང་གཱ། ཧིན་རྡུ་གཙང་པོ། ཨ་མུའུ་ཆུ་བོ། ཤིས་ཨར་ཆུ་བོ། ཐ་ལི་མུའུ་ཆུ་བོ། དབྱི་ལི་གཙང་པོ། ཧེ་ཧི་གཙང་པོ། ཧྲུའུ་ལེ་གཙང་པོ་བཅས་ཆུ་བོ་གཙོ་བོ13གྱི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར6560ཙམ་ཟིན་ཡོད།

“དེར་བརྟེན། ཨེ་ཤེ་ཡའི་ཆུ་ལྕོག་ཁུལ་གྱི་འཁྱགས་རོམ་གསོག་ཚད་དང་། མཚེའུའི་ཆུ་འབོར། ཆུ་བོ་གཙོ་བོའི་བཞུར་ཚད་བཅས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི9ལས་བརྒལ་ཡོད། ” ཡའོ་ཐན་ཏུང་གིས་དེ་ལྟར་བཤད། གངས་རོམ་དང་འཁྱགས་སའི་ཆུ་འབོར་ད་དུང་ཚོད་རྩིས་བྱེད་བཞིན་ཡོད། 

ཡའོ་ཐན་ཏུང་གིས་ངོ་སྤྲོད་བྱ་རྒྱུར། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞིབ་འཇུག་རུ་ཁག་གིས་དེང་རབས་ཅན་གྱི་མཐོ་གསར་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ་ཚན་རིག་རྟོག་ཞིབ་བྱས་ཡོད། དཔེར་ན། འཕྱོ་གཡེང་འཕུར་གྲུ་སྨི་7000ཡན་གྱི་མཁའ་དབྱིངས་སུ་འཕུར་ནས་རླུང་ཁམས་ཆེན་མོའི་རླངས་པ་དང་སྦགས་བཙོག་དངོས་པོ་སྐྱེལ་འདྲེན་བྱེད་པའི་བརྒྱུད་རིམ་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཐད་འཕུར་གནམ་གྲུས་ཚན་ཞིབ་སྒྲིག་ཆས་དག་ས་བབ་ཧ་ཅང་མཐོ་བའི་འཁྱགས་ངོས་སུ་སྐྱེལ་འདྲེན་བྱས་ནས་ལས་སྒྲུབ་བྱས། མི་མེད་གནམ་གྲུས་ཚོར་འདྲེན་འཕྲུལ་ཆས་སྤྱད་དེ་རང་འགུལ་ངང་འཁྱགས་རོམ་གྱི་ས་དབྱིབས་ལ་ལྟ་ཞིབ་བྱས། མི་མེད་གྲུ་གཟིངས་ཀྱིས་མཚོ་གཏིང་དང་མཚོ་ཞབས་སྐོར་སྐྱོད་བྱས་ནས་ས་དབྱིབས་ལ་ལྟ་ཞིབ་ཚད་ལེན་བྱས་པས་ཕྱི་རོལ་གྱི་ཚན་རིག་རྟོག་ཞིབ་ཀྱི་ལས་ཕྱོད་དང་ཚན་རིག་རྟོག་ཞིབ་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། 

གཞན་ཡང་། ཚན་ཞིབ་རུ་ཁག་གིས་ད་དུང་ཨེ་ཤེ་ཡའི་ཆུ་ལྕོག་གི་ཆུའི་བདེ་འཇགས་འགན་ལེན་བྱེད་པའི“སྣེ་མིག”ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག་བསྐྲུན་ཡོད་དེ། དེའི་ནང“སྣེ་མིག་ཨང་དང་པོ”སྟེ་འཕྱོ་གཡེང་འཕུར་སྐྱོད་གྲུ་གཟིངས་ཀྱི་ཚད་གསུམ་ལྟ་ཞིབ་ཚད་ལེན་མ་ལག་དང་། “སྣེ་མིག་ཨང་གཉིས་པ”སྟེ་འཁྱག་ཉིལ་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་མ་ལག “སྣེ་མིག་ཨང་གསུམ་པ”སྟེ་འཁྱགས་མཚོའི་གནོད་འཚེ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག “སྣེ་མིག་ཨང་བཞི་པ”སྟེ་ལྷ་སའི་སའི་གོ་ལའི་མ་ལག་གི་སྣ་མང་དྲ་བ་སོགས་ཚུད་ཡོད། ཉེན་ཟོན་སྔོན་བརྡའི་མ་ལག་དེས་ཨེ་ཤེ་ཡའི་ཆུ་ལྕོག་གི་འགྱུར་ལྡོག་དང་ཤུགས་རྐྱེན། དེ་བཞིན་ཁ་གཏད་ངོས་འཛིན་གཏིང་ཟབ་ཏུ་འགྲོ་བར་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ས་ཁོངས་ཀྱི་གནོད་འགོག་གེགས་སེལ་ལ་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་ཐུབ། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།