མཚོ་སྔོན་ཞིང་ཆེན་གྱི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་ཁྱིམ་གཞིས་ཐོག་མ་དེ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་ཏ་པའོ་ཙི་གྲོང་རྡལ་གྱིས་ཐའོ་པེ་གྲོང་ཚོར་བཙུགས་པའི་ཞིང་ཆེན་ཡོངས་ཀྱི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་ཁྱིམ་གཞིས་ཐོག་མ་དེ་དངོས་སུ་སྤྱོད་འགོ་བཙུགས། དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་ཁྱིམ་གཞིས་འཛུགས་དོན་ནི“འཕྲོད་བསྟེན་ཆེན་མོ་དང་བདེ་ཐང་ཆེན་མོའི”འདུ་ཤེས་བརྟན་པོར་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་བཏང་སྟེ་བདེ་ཐང་བྱང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། 

དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་ཁྱིམ་གཞིས་ཀྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། སྨན་བཅོས་ཞབས་ཞུ་དང་འཚོ་བའི་ལྟ་སྐྱོང་མཉམ་འདྲེས་བྱེད་པ། གྲོང་མིའི་བདེ་ཐང་ལྟེ་བར་འཛིན་པ། ། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱིས་ཁྲིད་སྟོན་བྱེད་པ། སྨན་བཅོས་ཞབས་ཞུའི་ལས་དོན་གྲོང་ཚོ་རིམ་པའི་ཕྱོགས་སུ་སྤེལ་བ་བཅས་བྱས་ཏེ་དུས་འཁོར་ཧྲིལ་པོར་མང་ཚོགས་ལ་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་དང་འཚོ་བའི་ལྟ་སྐྱོང་ཡག་པོ་མཁོ་འདོན་བྱ་རྒྱུ་རེད། ཞབས་ཞུའི་ཁྱིམ་གཞིས་ཀྱིས་འཕྲོད་བསྟེན་ཞབས་ཞུ་ཁང་དང་། བདེ་ཐང་འཆད་ཁྲིད་ཁང་། གློག་བརྙན་ཁང་། མིག་མངས་ཁང་། རྨ་ཙོང་གཞས་གར་ཁང་། ལག་ཤེས་བཟོ་རྩལ་འགྲེམས་སྟོན་ཁང་། ཡིག་གཟུགས་ཁང་། བདེ་སྐྱིད་ཟ་ཁང་སོགས་གསར་སྐྲུན་བྱས་པར་བརྟེན། ཟླ12རིང་གི་ཁྱད་ཆོས་ལྡན་པའི་དུས་འཁོར་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་བྱ་རྒྱུ་འགོ་རྩོམ་ས་བྱས་ནས་མང་ཚོགས་སྒོར་འབུད་མི་དགོས་པར་སྟབས་བདེའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཏེ། དོ་ཁུར་བྱེད་ས་དེ“ནད་བཅོས་ལྟེ་བར་འཛིན་པ”ནས“མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པར”བསྒྱུར་ནས་སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འཕྲོད་བསྟེན་དང་བདེ་ཐང་གི་གཞི་རྩའི་སྨན་བཅོས་ཞབས་ཞུར་སྐུལ་འདེད་བཏང་ཡོད། 

བདེ་ཐང་ཞབས་ཞུའི་ཁྱིམ་གཞིས་འཛུགས་པ་ནི་མཁར་བྱང་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་བདེ་ཐང་ཞབས་ཞུ་དང་འཚོ་བའི་ལྟ་སྐྱོང་ཡག་པོ་མཁོ་འདོན་བྱས་ནས་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་གནད་སྨིན་ཅན་གྱི་སྨན་བཅོས་ཞབས་ཞུ་མངོན་འགྱུར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།