མཚོ་སྔོན་ཞིང་ཆེན་གྱི“འོད་ཤུགས་ལ་བརྟེན་ནས་འོད་ཤུགས་བཟོ་བའི”རྣམ་གྲངས་ཐོག་མ་ལས་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱི“འོད་ཤུགས་ལ་བརྟེན་ནས་འོད་ཤུགས་བཟོ་བའི”རྣམ་གྲངས་ཐོག་མ་སྟེ། “ལུང་ཅིའི”1GW(ཅི་ཝ)ནུས་ཆེའི་འོད་ཤུགས་ཀྱི་ཤེལ་གཟུགས་རྐྱང་པའི་ལྷུ་ལག་བཟོ་སྐྲུན་རྟེན་གཞི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འོད་ཤུགས་ཐོན་ལས་གླིང་དུ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལུང་ཅིའི”1GW(ཅི་ཝ)ཡི་ནུས་ཆེའི་འོད་ཤུགས་ཀྱི་ཤེལ་གཟུགས་རྐྱང་པའི་ལྷུ་ལག་བཟོ་སྐྲུན་རྟེན་གཞིར་བསྡོམས་མ་དངུལ་སྒོར་དུང་ཕྱུར10བཏང་བ་དང་ཐོན་ནུས་ཚང་མ་འདོན་སྤེལ་ཐུབ་ན་ལོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར17ཟིན་པ་དང་། ལོར་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར1.3ཙམ་ཟིན་ནས་མི་སྟོང་ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད། རྒྱང་རིང་འཆར་འགོད་ལ་གཞིགས་ན། ལོར་ཐོན་ནུས100GWཟིན་པའི་འོད་ཤུགས་ཐོན་ལས་འཁོར་འབྲེལ་མཚོ་སྔོན་དུ་གཞིས་ཆགས་རྒྱུར་སྐུལ་ཁྲིད་ཐུབ་ནས་མཚོ་སྔོན་ཞིང་ཆེན་འདི་ཉིད་འཛམ་གླིང་གི་ནུས་རྒྱུ་གཙང་མའི་སྒྲིག་ཆས་གཙོ་བོ་བཟོ་སྐྲུན་ལྟེ་གནས་ཀྱི་གྲས་ཤིག་ཏུ་འགྱུར་བར་རམ་འདེགས་ཐུབ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིང་གིས་བའི་ལོ་ཤས་རིང་ནུས་རྒྱུ་གཙང་མ་གསར་པ་ནི་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་འཕར་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། མིག་སྔར་མཚོ་ལྷོ་ཁུལ་གྱི་ཆུ་རླུང་འོད་བཅས་གསུམ་གྲབས་གསོག་ཀ་རྟེན་དུ་བྱས་པའི་ཐོན་ལས་ཚོགས་སྤྱི་ཞིག་ཆགས་ཡོད། མཚོ་ལྷོ་ཁུལ་གྱིས་འོད་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱེད་ཅིང་། འོད་ཤུགས་ཉི་ནུས་ཁྱབ་ཁོངས་ཀྱི་ལུང་ཅི་མ་རྐང་ཀུང་སིའི་སྔོན་ཐོན་ལག་རྩལ་དང་། ཞིབ་འཇུག་གསར་སྤེལ། དོ་དམ་བྱེད་ནུས་ཅུང་ལེགས་པ་བཅས་ཆེད་ལས་ཀྱི་ལེགས་ཆར་བརྟེན་ནས། མཚོ་སྔོན་ཞིང་ཆེན“སྤུས་ལེགས་གཅིག་དང་མཐོ་གསར་གཉིས”ཀྱི་འཐབ་ཇུས་ལ་རམ་འདེགས་དང་། སྔོ་ལྗང་ཐོན་ལས་ཀྱི་གཞི་ཁྱོན་སྟོབས་ཆེར་གཏོང་བ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།