མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་བསྒྲགས་པའི་བརྡ་སྦྱོར།

དགུན་ཁའི་གུང་གསེང་སླེབས་ལ་ཡོད་པ་དང་བསྟུན། ཟླ12པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་བརྡ་སྦྱོར་བཏང་ནས་སློབ་གྲྭས་སྒྲིག་འགལ་ངང་མཉམ་གཅིག་ཏུ་གསབ་སྦྱོང་འཛིན་གྲྭ་རྩ་འཛུགས་བྱེད་པ་གཏན་འགོག་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་མཐོ་འབྲིང་མཐར་ཕྱིན་སློབ་མས་གསབ་སྦྱོང་བྱེད་པའི་ཆུ་ཚོད་དགུན་ཁའི་གུང་གསེང་གི་གསུམ་ཆ་གཅིག་ལས་མི་བརྒལ་བ་ཕུད། སློབ་གྲྭ་གཞན་དག་དང་ལོ་རིམ་གཞན་དག་གིས་རྒྱུ་མཚན་གང་རུང་ལ་བརྟེན་ནས་མཉམ་གཅིག་ཏུ་སློབ་གྲྭར་གསབ་སྦྱོང་སློབ་ཁྲིད་བྱེད་པ་གཏན་འགོག་བྱེད་དགོས།

དགུན་གནང་དང་དཔྱིད་དུས་སློབ་འགོ་རྩོམ་པའི་གཏན་འབེབས་ནང་། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་སྐབས་མཇུག་གི་ལས་དོན་ཁག་ཚད་ལྡན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སློབ་ཁྲིད་ཇུས་གཞིའི་བླང་བྱ་གཞིར་བཟུང་། སློབ་སྐབས་ཀྱི་སློབ་ཁྲིད་གཟའ་འཁོར་མི་ཉུང་བ་དང་སློབ་སྐབས་ཀྱི་སློབ་ཁྲིད་འཆར་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པ་ལས་སློབ་ཁྲིད་ཀྱི་དུས་ཚོད་སྔོན་དུ་བསྣུར་ནས་གུང་གསེང་གཏོང་མི་རུང་བའི་བླང་བྱ་བཏོན་ཡོད། 

ས་གནས་ཁག་དང་སློབ་གྲྭ་ཁག་གིས་མཇུག་རྒྱུགས་ཀྱི་ལས་དོན་རྩ་འཛུགས་བཟང་པོ་བྱས་ནས་རྒྱུགས་ལེན་དབྱེ་ཞིབ་དང་སློབ་སྐབས་ཕྱོགས་སྡོམ་བཟང་པོ་བྱས་ཏེ། སློབ་སྐབས་འདིའི་སློབ་ཁྲིད་ལས་འགན་ཁག་སྤུས་འབོར་གཉིས་ལྡན་ངང་ལེགས་གྲུབ་བྱེད་དགོས། སློབ་གསོ་སློབ་ཁྲིད་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་གུང་གསེང་། དེ་བཞིན་དཔྱིད་དུས་སློབ་འགོ་རྩོམ་པའི་དུས་ཚོད་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་གུང་གསེང་གཏོང་བའི་དུས་ཚོད་ཟླ1པོའི་ཚེས29ཉིན་ལས་ཕྱིར་འགྱངས་མི་བྱེད་པ་དང་། བུ་བཅོལ་ཁང་གི་གུང་གསེང་གཏོང་བའི་དུས་ཚོད་རྫོང་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་དོན་དངོས་གཞིར་བཟུང་གཏན་འཁེལ་བྱེད་དགོས། རྒྱུན་ལྡན་གྱི་གནས་ཚུལ་འོག་དཔྱིད་དུས་སློབ་སྐབས་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་རྩ་དོན་ལྟར་ཟླ3པའི་ཚེས1ཉིན་གཅིག་གྱུར་གྱིས་སློབ་འགོ་རྩོམ་དགོས། དགུན་གནང་སྐབས་སློབ་གྲྭ་སྒོ་རྒྱག་པའི་ལམ་ལུགས་དང་། ལས་རེས་ལམ་ལུགས། སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཁག་གི་སྐོར་ཞིབ་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱེད་དགོས།

སློབ་མར་དགུན་ཁའི་གུང་གསེང་གི་འཚོ་བ་བཀོད་སྒྲིག་ལུགས་མཐུན་བྱེད་པར་མཛུབ་སྟོན་བྱས་ཏེ། སློབ་མའི་དོན་དངོས་ལ་གཞིགས་ནས་དགུན་ཁའི་གུང་གསེང་གི་ལས་བྱ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་མ་ཟད་ལས་བྱ་བཀོད་སྒྲིག་བྱེད་ཚད་ལ་ཚོད་འཛིན་བྱས་ནས། སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་བ་དང་། སློབ་མས་རང་ཉིད་ལ་བརྟེན་ནས་ལས་བྱ་ལེགས་འགྲུབ་བྱེད་པར་འཚམ་པའི་བྱ་འགུལ་རང་བཞིན་དང་། ལག་ལེན་རང་བཞིན། ཞིབ་འཇུག་རང་བཞིན་བཅས་ཀྱི་ལས་བྱ་བཀོད་སྒྲིག་བྱ་རྒྱུ་དར་སྤེལ་གཏོང་དགོས། སློབ་མར་གུང་གསེང་སྐབས་དུས་ཐོག་ཏུ་ངལ་གསོ་བྱེད་པ་དང་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ཁྱིམ་ལས་ངལ་རྩོལ་ནང་ཧུར་ཐག་གིས་ཞུགས་པར་སྐུལ་ལྕག་གཏོང་དགོས། ཁྱིམ་བདག་གི་རོགས་རམ་འོག་སློབ་མ་སྤྱི་ཚོགས་ཀྱི་ལག་ལེན་དང་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས། སློབ་མར་ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་སྤྱོད་པའི་དུས་ཚོད་ཚོད་འཛིན་བྱས་ཏེ་མིག་དང་ལུས་ཁམས་བདེ་ཐང་ཡོང་བར་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས། 

གུང་གསེང་མ་བཏང་གོང་སློབ་གྲྭ་(གླིང)ཁག་གིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་མེ་ཟོན་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། མེ་སྐྱོན་སྔོན་འགོག་དང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས། གློག་སྤྱོད་རླངས་སྤྱོད། ཟས་དུག་ཕོག་པ། འཚིག་རྨས་སྲེག་རྨས། ཤོག་སྦག་བཅས་ལ་དོགས་ཟོན་བྱེད་དགོས་པ་སོགས་ཀྱི་བདེ་འཇགས་ཆེད་དོན་སློབ་གསོ་གཅིག་གྱུར་གྱིས་སྤེལ་ནས་སློབ་མའི་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། དེ་དང་ཆབས་ཅིག་ཁྱིམ་ཚང་དང་སློབ་གྲྭས་མཉམ་འབྲེལ་སྒོས་སློབ་གསོ་བཟང་པོ་བཏང་ནས་ཁྱིམ་བདག་གི་ཚོགས་འདུ་འཚོགས་པ་དང་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག་སོགས་ཀྱི་རྣམ་པ་བརྒྱུད། ཁྱིམ་ཚང་གི་སློབ་གསོ་སྤེལ་ནས་ཁྱིམ་བདག་ལ་དགུན་ཁའི་གུང་གསེང་སྐབས་ཀྱི་སློབ་གྲྭའི་འབྲེལ་ཡོད་བླང་བྱ་ཤེས་རྟོགས་ཐུབ་པ་དང་ཁྱིམ་བདག་གི་ལྟ་སྐྱོང་འགན་འཁྲི་སྔར་བས་ཁ་གསལ་ཡོང་བ་བྱས་ཏེ། ཁྱིམ་བདག་གིས་དགུན་ཁའི་གུང་གསེང་རིང་གི་སློབ་མར་ལྟ་སྐྱོང་དོ་དམ་དང་མཛུབ་ཁྲིད་ལས་དོན་ཡག་པོ་བསྒྲུབ་པར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་ཡོད། 

སློབ་གྲྭས་སློབ་གྲྭའི་ཉལ་ཁང་མི་གཞན་ལ་གླས་མི་ཆོག་ལ། སྒྲིག་འགལ་གསབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་མ་ཟད། སློབ་ཕྱིའི་སྤྱི་ཚོགས་སྟོབས་ཤུགས་ཀྱི་སློབ་གཉེར་སྒྲིག་གཞི་དང་མཉམ་འབྲེལ་གྱིས་རིག་གནས་སློབ་ཁྲིད་གསབ་སྦྱོང་འཛིན་གྲྭ་གཉེར་མི་ཆོག དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཀྱི་སློབ་གསོ་དང་སྤྱོད་གཙང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་གྲྭ་ཆུང་འབྲིང་གི་ལས་ཐོབ་དགེ་རྒན་གྱིས་རིན་ཡོད་སློབ་གསོའི་ལས་ཀ་བྱེད་པའམ་ཡང་ན་སྤྱི་ཚོགས་ཀྱི་གསབ་སྦྱོང་ལས་ཁུངས་སུ་ལས་འགན་གཅིག་ལྕོགས་སུ་འཁུར་བ་སོགས་གཏན་འགོག་བྱེད་དགོས། 

སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་རྒྱུན་མཐུད་ངང་ཡག་པོར་བསྒྲུབ་ནས་དགེ་རྒན་ལས་བཟོ་བ་དང་སློབ་མའི་དགུན་ཁའི་གུང་གསེང་རིང་དོ་དམ་ནན་མོ་བྱེད་པ་དང་། “དོན་ཆེན་མེད་ན་ཕྱིར་མི་སྐྱོད་པའི”བླང་བྱ་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཕྱིར་སྐྱོད་པའི་དགེ་སློབ་ཚང་མར་སྙན་ཞུའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་མ་ཟད། ཞིང་ཆེན་ཕྱི་ནས་ཐོན་པའི་མི་སྣའི་ཆ་འཕྲིན་རྩིས་ཁྲ་བཟོས་ནས་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རྗེས་འདེད་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དགེ་སློབ་ཀྱི་བདེ་ཐང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ལག་པ་བཀྲུ་བ་དང་། ཁ་ཐུམ་རྒྱག་པ། “སྨི་གཅིག་གི་བར་ཐག་”སོགས་འཕྲོད་བསྟེན་གྱི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་བཟང་པོ་ཆགས་པར་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།