གཅན་ཚ་རྫོང་གི་ཞིང་ཞོར་ཐོན་རྫས་གསུམ་ལ“རྒྱལ་རྟགས་ཅན”གྱི་ས་ཁམས་མཚོན་རྟགས་ཀྱི་མཚན་སྙན་ཐོབ་པ།

ཀྲུང་གོ་བོས་ཀྱི་དྲ་བའི་འཕྲིན། པེ་ཅིང་དུ་འཚོགས་པའི2020ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་ཀྱི་ཆེད་མཁས་པའི་དཔྱད་ཞིབ་ཚོགས་འདུ་ཐེངས་གསུམ་པ་དང་ཐེངས་བཞི་པའི་ཐོག མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རེ་ཞུ་བྱས་པའི“གཅན་ཚའི་ར་མ”དང་“གཅན་ཚའི་གཡེར་མ” “གཅན་ཚའི་བྲ་བོ་”བཅས་ཞིང་ལས་ཐོན་རྫས་རིགས་གསུམ་ལ་ཆེད་དོན་སྙན་ཞུ་དང་ཆེད་མཁས་པའི་ཞིབ་དཔྱད་རྩོད་ལན། དངོས་དཔེ་དཔྱད་འདེམས་བཅས་དང་། ཆེད་མཁས་པའི་ཞིབ་དཔྱད་བྱས་པ་བརྒྱུད“རྒྱལ་རྟགས་ཅན”གྱི་ས་ཁམས་མཚོན་རྟགས་ཀྱི་མཚན་སྙན་ཐོབ།  

རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཞེས་པ་ནི་ཞིང་ལས་ཐོན་རྫས་དེ་དམིགས་བསལ་ས་ཁོངས་ནས་ཐོན་པ་དང་། ཐོན་རྫས་ཀྱི་སྤུས་ཀ་དང་འབྲེལ་ཡོད་ཀྱི་ཁྱད་ཆོས་གཙོ་བོ་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་ལོ་རྒྱུས་ཀྱི་མི་ཆོས་རྒྱུ་རྐྱེན་ལ་རག་ལས་པར་མ་ཟད། ས་ཁོངས་ཀྱི་མིང་གིས་མིང་བཏགས་པའི་དམིགས་བསལ་གྱི་ཞིང་ལས་ཐོན་རྫས་ཀྱི་མཚོན་རྟགས་ཤིག་ཡིན། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ཀྱིས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་སྤུས་རྟགས་ཀྱི་ཕན་འབྲས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ། 

ཤེས་རྟོགས་བྱུང་བ་ལྟར་ན། ར་མ་དང་གཡེར་མ། བྲ་བོ་བཅས་ནི་གཅན་ཚ་རྫོང་གི་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཞིང་ལས་ཐོན་རྫས་གཙོ་བོ་ཡིན་ལ། མཉམ་ལས་ཁང་གི་དཔལ་འབྱོར་ཡོང་འབབ་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིར“རྒྱལ་རྟགས་ཅན”གྱི་ས་ཁམས་མཚོན་རྟགས་སུ་ཚུད་པ་ནི་རྫོང་དེའི་ཞིང་ཕྱུགས་ཐོན་རྫས་ལ་མཚན་སྙན་དེ་ཐེངས་དང་པོར་ཐོབ་པ་ཡིན་ལ། རྫོང་དེའི་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྟོང་ཆ་བསྐངས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།