ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་སྤྲིངས་ཡིག་གི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ནས། མཚོ་སྔོན་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད།
ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུས2021ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དབྱེ་ཞིབ་བགྱིས་པ་དང་། 2021ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་ལ། 《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་འདེམ་བསྐོ་ལས་དོན་སྲོལ་ཡིག་》ལ་གྲོས་ཞིབ་མཛད་པ་དག་ནི་ང་ཚོས་སྤུས་ཚད་མཐོ་བའི་སྒོ་ནས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་མུ་མཐུད་དུ་གཏིང་ཟབ་སར་འགྲོ་བ། དུས་རབས་གསར་པའི་ས་གནས་ཀྱི་ཏང་རྩ་འཛུགས་འདེམ་བསྐོ་ལས་དོན་ནན་ཏན་གྱིས་བསྒྲུབ་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི་”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་སྒོ་ནས། དཔལ་འབྱོར་ལས་དོན་གྱི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་འཛིན་པ་དང་། སྲོལ་བཟང་དྲང་གནས་ཀྱི་ཆབ་སྲིད་ཁོར་ཡུག་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བ། སེམས་ཞིབ་མོས་སང་ལོའི་སྐབས་བརྗེ་འདེམ་བསྐོའི་ལས་དོན་ཡག་པོར་བསྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁག་གཅིག་ཀྱང་མ་ལུས་པར་དངོས་འབེབས་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དྲུག་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། གནས་བབ་གསར་པའི་འོག་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པར་བརྟེན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ལ་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། མ་ལག་ལྡན་པའི་རིགས་ལམ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཆེན་པོའི་འགྲོ་ཕྱོགས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པར་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལས་རིགས་ལག་རྩལ་འགྲན་རྩོད་ཆེན་མོ་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་ལས། ཏང་ཀྲུང་དབྱང་གིས་རྩལ་ནུས་འཇོན་མི་འཕེལ་རྒྱས་ལ་མཐོང་ཆེན་མཛད་པ་མངོན་པར་མཚོན་ཡོད་པས། ང་ཚོས་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་། རྩལ་ནུས་ནི་ནོར་བུ་ཡིན་པ། གསར་གཏོད་ནི་རླབས་ཆེན་ཡིན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་ཏེ། རྩལ་ནུས་འཇོན་མིའི་གསོ་སྦྱོང་སྣ་ཚོགས་ཇེ་མགྱོགས་སུ་གཏོང་བ་དང་། ངལ་རྩལ་པ་སྣ་མང་ཅན་ནར་སོན་པ་དང་འཇོན་མིར་འགྱུར་བའི་བརྒྱུད་ལམ་ཡང་དག་པར་བཟོས་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སླད་དུ་འཇོན་མིའི་རྨང་གཞི་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཟླའི་དབུ་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་མིའི་རིགས་ཀྱི་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་རྒྱལ་སྤྱི་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གཉིས་ལས། མིའི་རིགས་ཀྱི་ལས་དབང་ཐུན་མོང་འདུས་གྲུབ་ཡིན་པའི་འདུ་ཤེས་མངོན་ཡོད་ཅིང་། དཔུང་བ་མཉམ་ཞིབ་ཀྱིས་ནམ་ཟླའི་ཁོར་ཡུག་གི་འགྲན་སློང་དང་རྒྱལ་སྤྱིའི་དབུལ་ཕོངས་ཉུང་གཏོང་གི་འགྲོས་རིམ་ལ་སྐུལ་འདེད་བྱེད་པའི་ཐད་ཀྲུང་གོའི་ཇུས་འགོད་མཁོ་འདོན་དང་ཀྲུང་གོའི་སྤོབས་སེམས་མངོན་པར་བྱས། ང་ཚོས་“ཆེ་ཤོས་གསུམ་”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ཡིད་ལ་དམ་པོ་འཛིན་པ་དང་། གཟབ་ནན་གྱིས་“མི་འདོར་བ་བཞིའི་”བླང་བྱ་དོན་འཁྱོལ་བྱེད་པ། སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། འབད་པ་ཆེན་པོས་མཚོ་སྔོན་གྱིས་སྣོད་བཅུད་སྲུང་སྐྱོང་དང་ཁྱོན་ཡོངས་འབྱོར་འབྲིང་གི་ཚད་ལོན་པའི་རྒྱུགས་གཞི་སྤྲོད་དགོས་ཞེས་བསྟན།
ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་གྲུབ་ཆ་ཞིག་ཡིན་པར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སྲུང་སྐྱོང་གཙོ་བོ་དང་བཅོས་སྐྱོང་གནད་འགག་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཆུ་མགོའི་འགན་འཁྲི་ཐེག་ཐུབ་པར་བྱས་ནས། ཆུ་མགོའི་སྤྱོད་པ་མངོན་པར་བྱེད་པ་དང་། ཆུ་མགོའི་བྱས་རྗེས་བཞག་སྟེ། ནན་ནན་ཏིག་ཏིག་གིས་མཚོ་སྔོན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས་ཞེས་བསྟན།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་འབྲེལ་ཡོད་ཡིག་ཆར་བགྲོ་གླེང་བྱས་པ་དང་། 《ཞིང་ཆེན་ཏང་ཨུའི་“དབང་འཛིན་པ་དང་པོ་”དང་མགོ་ཁྲིད་ཚོགས་པར་ལྟ་རྟོག་ཇེ་དྲག་ཏུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་ཉི་ཤུ》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ལ། དོན་གཞན་དག་ལའང་ཞིབ་འཇུག་བྱས། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།