འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བོད་ཇ་ལས་སྣོན་བཟོ་གྲྭས་རྨ་ཆུའི་ཆུ་འགོ་ནས་ཐོན་སྐྱེད་བྱེད་འགོ་ཚུགས།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གཞུང་ཕྱོགས་ནས་ཤེས་རྟོགས་བྱུང་བར། ཉིན་འགའི་སྔོན་དུ། རྫོང་འདིའི་རྨ་སྟོད་དུང་དཀར་མཚོ་ནག་ཁྱད་ལྡན་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི“འབྲུག་མོའི་ན་ཇ”དེར་དངོས་སུ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཇ་ལོ་ལས་སྣོན་བཟོ་གྲྭར་ཁས་ལེན་བྱས་ཏེ་འཛམ་གླིང་གི་ཅི་ཉི་སིའི་ཟིན་ཐོ་བསྐྲུན་པ་རེད།


 “མཚེའུ་སྟོང་གི་ཡུལ་གྲུ”ཞེས་གྲགས་པའི་རྨ་སྟོད་རྫོང་ནི་རྨ་ཆུའི་ཆུ་འགོར་གནས་བ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི4200ཡས་མས་རེད། དེ་ནི་ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་གླིང་ཁུལ་གྱི་ལྟེ་བའི་སྲུང་སྐྱོང་ཁུལ་གྱི་གྲས་ཤིག་ཀྱང་རེད།

“འབྲུག་མོའི་ན་ཇ”ཞིབ་འཇུག་གསར་སྤེལ་ཀུང་སིའི་སྤྱི་གཉེར་བ་བསྟན་པས་ངོ་སྤྲོད་བྱས་པར། བོད་སྐད་དུ་འབྲུག་མོའི་ན་ཇ་ཟེར་བའི་ཐོན་རྫས་འདི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4300ཡོད་པའི་རི་མཐོའི་རྩྭ་ཐང་དུ་སྐྱེས་ཡོད། “འབྲུག་མོའི་ན་ཇ”ཇ་ལོ་ལས་སྣོན་བཟོ་གྲྭ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་དུ་ཡོད་པ་དང་། རི་སྐྱེས་ཇ་ལོ་རྟེན་གཞི་མུའུ3000ལྷག་ཙམ་ཟིན་ན་ལོ་རེར་ཇ་ལོ་ཏུན1ནས2བར་ཐོན་ཐུབ་ཟེར།

རྨ་སྟོད་རྫོང་གི་ས་བབ་མཐོ་བ་དང་དྲོད་ཚད་དམའ་བ་སོགས་ཀྱི་རྐྱེན་གྱིས “འབྲུག་མོའི་ན་ཇ”སྐྱེས་ཚད་ཅུང་དལ་བས་ལོ་རེར་ཐོན་ཚད་ཅུང་ཉུང་།

བསྟན་པས་གསར་འགོད་པར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བོད་ཇ་ལས་སྣོན་བཟོ་གྲྭ་ཞིག་ཡིན་པའི་ངོས་ནས། མ་འོངས་པར་བོད་ཇའི་སྤུས་རྟགས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་སྐྱོད་དེ་ཆེས་སྤུས་ལེགས་ཀྱི་བོད་ཇ་ཡག་པོ་ཕྱིར་གཏོང་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།