ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་བསྡོམས་རྩིས་ཅུའུ་ནས་ཤེས་རྟོགས་བྱུང་བར། ཟླ8པ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་གོང་དུ་འཕར་བའི་རྣམ་པ་མངོན་ཞིང་། ཟླ་བ་བཞི་ལ་བསྟུད་མར་གོང་དུ་འཕར་བས་བཟོ་ལས་དཔལ་འབྱོར་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་འབྱུང་བཞིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཚབས་ཆེན་གྱི་མདུན་དུ་ ཟི་ལིང་གྲོང་ཁྱེར་གྱིས“བརྟན་བརླིང་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་དང་བཟོ་ལས་ཐོན་སྐྱེད་འཕར་ཚད་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པས། བསྡོམས་རྩིས་བྱས་ན་འཕར་ཚད་རྒྱུན་མཐུད་ངང་གོང་དུ་འཕར་ཡོད། ཐོག་མའི་ཟླ་བདུན་གྱི་བར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཟི་ལིང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་བསྡོམས་རྩིས་བྱས་ན་འཕར་ཚད་མར་ཆག་མོད། འོན་ཀྱང་ཟླ8པ་ནས་བཟུང་གཞི་ཁྱོན་ཡན་གྱི་བཟོ་ལས་གོང་དུ་འཕར་བའི་རྣམ་པ་མངོན། ཟླ་དང་པོ་ནས་བརྒྱད་པའི་བར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་ཆ་སྙོམས་ཡིན་པ་དང་། ཟླ་དང་པོ་ནས་དགུ་པའི་བར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང1.1%འཕར་ཞིང་། ཟླ་དང་པོ་ནས་བཅུ་པའི་བར1.9%འཕར་བ་དང་ཟླ་དང་པོ་ནས་བཅུ་གཅིག་པའི་བར2.5%འཕར། ཟླ11པར་བཟོ་ལས་ཀྱི་འཕར་ཐང8.5%སླེབས་ཡོད། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ལས་བརྒྱ་ཆའི་གྲངས17.2ཀྱིས་མཐོ་བ་ཡོད་པས། དེས་ཞིང་ཆེན་ཡོངས་ཀྱི་ཟླ་དེའི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ཀྱི་བརྒྱ་ཆའི་གྲངས2.4སྐུལ་ཁྲིད་བྱས་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཟི་ལིང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས2.5%འཕར་བ་དང་། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་བཟོ་ལས་འཕར་ཚད་ལས་བརྒྱ་ཆའི་གྲངས2.3གྱིས་མཐོ་བ་ཡོད་པས། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་བརྒྱ་ཆའི་གྲངས0.4ལ་སྐུལ་ཁྲིད་བྱས་ཡོད་པ་དང་། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གཞི་གྲངས14.1འཕར་ནས། ལོ་སྟོད་ལས་བརྒྱ་ཆའི་གྲངས5.2འཕར་བ་དང་དུས་ཚིགས་གསུམ་པ་ལས་བརྒྱ་ཆའི་གྲངས1.4འཕར་ཡོད།
ཟླ11པའི་བར་མཛོད་འཇུག་ཁེ་ལས5གསར་སྐྲུན་བྱས་པ་དང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར29.3ལེགས་འགྲུབ་བྱུང་ནས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་འཕར་ཚད་བརྒྱ་ཆའི་གྲངས3.0ཟིན་པས། གསར་དུ་བསྐྲུན་པའི་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཟི་ལིང་གི་བཟོ་ལས་ཐོན་སྐྱེད་འཕར་ཚད་བསྡོམས་རྩིས་བྱས་ན་རྒྱུན་མཐུད་ངང་གོང་དུ་འཕར།